ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་ཁྱེར་ཡོངས་ཀྱི་གཤེར་རླངས་ལས་རིགས་ཀྱི་རྒྱ་མ་མི་འདང་བ་དང་། རིན་གོང་མཐོ་བ། སྡེབ་སྐྱེལ་མི་སྣས་རིན་གོང་ལྟར་རིན་མི་བསྡུ་བ་སོགས་ཀྱི་སྒྲིག་འགལ་དང་ཟང་ཟིང་གི་གནད་དོན་སྣ་ཚོགས་ལ་ཐག་གཅོད་ཏན་ཏིག་བྱས་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་གྱི་ཁེ་དབང་ལ་འགན་ལེན་བྱ་ཆེད། ཟླ་3ཚེས་30ཉིན། གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་གཤེར་རླངས་ལས་རིགས་ཀྱི་ཆེད་དོན་བཅོས་སྒྲིག་གི་བཀོད་སྒྲིག་ཚོགས་འདུ་འཚོགས་པ་དང་། ཆབས་ཅིག་ཏུ་ཁྱོན་ཡོངས་ལ་ཁྱབ་པ་དང་དྲ་སྦྲེལ་རྣམ་པའི་ཆེད་དོན་ཞིབ་བཤེར་གྱི་བྱ་སྤྱོད་སྤེལ་ནས། གྲོང་ཁྱེར་ཡོངས་ཀྱི་གཤེར་རླངས་ཁྲོམ་རའི་གཉེར་སྐྱོང་སྒྲིག་ལམ་སྔར་བས་ཚད་ལྡན་དུ་བཏང་བ་དང་།ལྟ་སྐུལ་དོ་དམ་ནན་པོ་དང་ཁྲིམས་འཛིན་ནན་པོར་བརྟེན་ནས་དམངས་འཚོའི་འཛད་སྤྱོད་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ཡོད།
གཤེར་རླངས་ནི་གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་ནུས་རྒྱུ་གལ་ཆེན་ཤིག་ཡིན་པའི་ངོས་ནས། བདེ་འཇགས་དང་ཚད་ལྡན་ངང་གཉེར་སྐྱོང་བྱ་རྒྱུ་དེ་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་འཇགས་དང་ཐད་ཀར་འབྲེལ་བ་ཡོད། ད་ཐེངས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ནང་། འབྱུང་རྩ་ནས་དོ་དམ་ཚོད་འཛིན་དང་། བརྒྱུད་རིམ་ཧྲིལ་པོ་ཚད་ལྡན། བཅོས་སྒྲིག་ནན་པོ། ཕུགས་ཕན་དོ་དམ་བཅས་ཀྱི་རྩ་དོན་གཞིར་བཟུང་། གཤེར་རླངས་བླུག་པ་དང་། སྡེབ་སྐྱེལ། གཉེར་སྐྱོང་། བེད་སྤྱོད་བཅས་ཀྱི་སྦྲེལ་ཐག་ཧྲིལ་པོའི་འགག་རྩའི་ལྷུ་ཚིགས་ལ་དམིགས་པ་དང་། གཤེར་རླངས་ཁྲོམ་རའི་གཉེར་སྐྱོང་གི་སྒྲིག་ལམ་ཚད་ལྡན་དུ་གཏོང་རྒྱུ་ལྟེ་བར་བྱེད་པ། སྡེབ་སྐྱེལ་བྱེད་མཁན་གྱི་ལས་གོས་གཅིག་གྱུར་གྱོན་པ་དང་། འཛད་སྤྱོད་གསལ་སྟོན་གཱ་སྟོན་པ། ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་རྒྱ་མ་མི་འདང་བ་དང་། རིན་པ་གང་བྱུང་བསྡུ་བ་སོགས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས་ལས་རིགས་ཀྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་ཏན་ཏིག་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་གྱི་ཁེ་དབང་ལ་འགན་ལེན་བྱ་རྒྱུ་ཡིན་པ་རེད།
བཀོད་སྒྲིག་ཚོགས་འདུ་གྲོལ་རྗེས། མཉམ་འབྲེལ་ཞིབ་བཤེར་ཚོགས་ཆུང་གིས་མངོན་བཤེར་ལྐོག་ཞིབ་དང་སྐབས་བསྟུན་འཐེན་བཤེར་ཟུང་འབྲེལ་གྱི་བྱེད་ཐབས་ཐོག་ནས་ཆེད་དོན་ཞིབ་བཤེར་ཕྱོགས་ཡོངས་ནས་བྱས་པ་རེད། དེ་དང་ཆབས་ཅིག་ཏུ་ད་དུང་གཉེར་སྐྱོང་ཚོང་དུད་དང་དེ་བཞིན་གྲོང་མི་མང་ཚོགས་ལ་གཤེར་རླངས་ཚད་ལྡན་ངང་སྤྱོད་པ་དང་ཉེན་ཁར་དོགས་ཟོན་བྱེད་པའི་ཤེས་བྱ་ཁྱབ་གདལ་དུ་བཏང་ནས་གྲོང་མིས་ལུགས་མཐུན་ངང་འཛད་སྤྱོད་དང་བདེ་འཇགས་ངང་གཤེར་རླངས་སྤྱོད་རྒྱུར་ཁྲིད་སྟོན་བྱས་ཏེ། ཐུན་མོང་ཐོག་ཚད་ལྡན་དང་གོ་རིམ་ལྡན་པའི་གཤེར་རླངས་ཀྱི་ཁྲོམ་རའི་ཁོར་ཡུག་ཅིག་གཏོད་རྒྱུ་རེད།
གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་རིམ་པ་བཞི་པའི་བརྟག་ཞིབ་པ་མགོན་པོ་ཚེ་རིང་གིས། ཕྱིས་འབྱུང་། གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དང་ཁོངས་གཏོགས་ཁུལ་གྱི་ཁྲོམ་ར་ལྟ་སྐུལ་དོ་དམ་ཚན་པས་དམངས་འཚོའི་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་མུ་མཐུད་ནས་དམིགས་པ་དང་། ཁྲོམ་ར་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་བརྟན་སྲུང་བྱས་ཏེ། ཚད་གཞི་དེ་བས་མཐོ་བ་དང་བླང་བྱ་དེ་བས་ནན་པའི་ཐོག་ནས་གཤེར་རླངས་ཁྲོམ་རའི་ལྟ་འདོམས་ལས་དོན་ལ་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་འགན་ལེན་ཏན་ཏིག་བྱས་ནས་མང་ཚོགས་ཀྱི་འཛད་སྤྱོད་ཐད་ཀྱི་བློ་ཡིད་ཚིམ་ཚད་དང་ཐོབ་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社