(པར་ངོས་དང་པོར་མཐུད)ལྕགས་ཁེམ་བསྣམས་ཏེ་ཤིང་འཛུགས་ཁུལ་དུ་ཕེབས་ནས། དེ་གར་ཡོད་པའི་པེ་ཅིང་གྲོང་ཁྱེར་དང་རྒྱལ་ཁབ་ནགས་རྩྭ་ཅུས་ཀྱི་འགན་འཁུར་བློ་མཐུན་དང་ལས་བྱེད་མང་ཚོགས། ལོ་ཆུང་གདོང་ལེན་རུ་མི་བཅས་དང་ལྷན་དུ་ཤིང་འཛུགས་ཀྱི་ལས་ཀར་བྲེལ།
ཞི་ཅིན་ཕིང་གིས་ས་རྐོ་དོང་འདྲུ་དང་ས་སྐྱོར་ས་སྣོན། ཆུ་ལེན་ཆུ་རྒྱག་སོགས་གནང་ནས་བསྟུད་མར་སྒྲོན་ཤིང་དང་། པེ་ཅིང་གི་ཤིང་པད་མ། ཡོ་འབོག་ཤིང་། ཤིང་སྔོན།གཡའ་ཤིང་སོགས་ཤིང་སོན་མང་པོ་བཏབ་གནང་ཡོད། ཁོང་གིས་ཤིང་འཛུགས་ཞོར་ཕྲུ་གུ་ཚོའི་སློབ་སྦྱོང་འཚོ་བ་དང་ངལ་རྩོལ་སྦྱོང་བརྡར། ཤིང་འཛུགས་བྱེད་སྒོར་ཞུགས་པའི་གནས་ཚུལ་བཅས་བཀའ་འདྲི་གནང་ཡོད། ཞི་ཅིན་ཕིང་གིས། གཞོན་ནུ་ལོ་ཆུང་རྣམས་ནི་ཤིང་སོན་དང་འདྲ་བར་གསོན་ཤུགས་དང་རེ་བས་ཁེངས་ཡོད་པས། ཆུང་དུས་ནས་ཕུགས་འདུན་ཆེན་པོ་བཅངས་ཏེ། ཤེས་བྱར་དགའ་ཞེན་དང་། ངལ་རྩོལ་ལ་དགའ་ཞེན། རང་བྱུང་ཁམས་ལ་དགའ་ཞེན་བཅས་བྱེད་དགོས་པ་དང་། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་བྱས་ཏེ། འབད་བརྩོན་ཆེན་པོས་རྐང་འཛིན་མི་སྣར་འགྱུར་ཐུབ་པར་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། ཤིང་འཛུགས་ཁུལ་དུ་སྤྲོ་སེམས་འཁོལ་ཞིང་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཡོད།
ཞི་ཅིན་ཕིང་གིས་དེ་གར་ཡོད་པའི་ལས་བྱེད་མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་གནང་ཡོད། ཁོང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་ནགས་ཚལ་རྒྱ་ཁྱོན་དང་གསོག་ཚད་གཉིས་ཀ་རྒྱུན་མཐུད་ངང་འཕར་བ་དང་། ཐང་རྒོད་ཅན་དང་བྱེ་ས་ཅན་གྱི་ས་ཆའི་རྒྱ་ཁྱོན་རྒྱུན་མཐུད་ངང་ཆུང་དུ་ཕྱིན་ནས། གོ་ལ་ཧྲིལ་པོར་ལྗང་མདོག་འཕར་ཚད་མང་ཤོས་དང་མགྱོགས་ཤོས་ཀྱི་རྒྱལ་ཁབ་ལ་གྱུར་ཡོད་པས། ནམ་མཁའ་སྔོ་ཞིང་ས་གཞི་གཙང་བ། ཆུ་མོ་དྭངས་པ་བཅས་ནི་རྒྱུན་རྣམ་ཡིན། མི་རིང་བའི་གོང་། རང་རྒྱལ་གྱིས་འབྱུང་ཁམས་ཁོར་ཡུག་ཁྲིམས་གཞུང་ཁྱབ་བསྒྲགས་བྱས་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཁྲིམས་སྐྱོང་གི་རྨང་གཞི་སྔར་བས་བརྟན་དུ་བཏང་ཡོད། ཤིང་འཛུགས་ནགས་བཟོ་ནི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན་པས། ལྷོད་གཡེང་མེད་པར་དམ་པ་དོན་གཉེར་དང་། མིག་སྔར་ལ་གཞི་ཚུགས་ཤིང་ཕུགས་ལ་དམིགས་པ། རྒྱུན་མཐུད་འབད་འཐབ་བཅས་བྱས་ཏེ། རྒྱལ་ཁབ་དང་དམངས་ལ་ཕན་པའི་དོན་ཆེན་དེ་ཏན་ཏིག་ངང་ལེགས་པར་བསྒྲུབ་དགོས་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས། ད་ལོ་ནི་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་འགོ་ཚུགས་ལོ་ཡིན་ལ། དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་ལས་འགུལ་སྤེལ་ནས་ལོ་45འཁོར་བའི་ལོ་ཞིག་ཀྱང་ཡིན། དུས་བབ་གསར་པའི་འོག་རྒྱལ་ཁོངས་ས་ཆ་ལྗང་མདོག་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བར། སྤུས་ཚད་མཐོར་གཏོང་དང་ལས་དར་དམངས་ཕན་ལ་སྔར་བས་མཐོང་ཆེན་བྱས་ཏེ། འདེབས་འཛུགས་དང་དོ་དམ་ལ་མཉམ་དུ་དམ་འཛིན་དང་། འབྱུང་ཁམས་དང་ཐོན་ལས་ལ་མཉམ་དུ་སྐུལ་འདེད། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བཅས་ཡོང་བར་བྱེད་དགོས། ལྗང་འགྱུར་བར་མཐོངས་གཅིག་གྱུར་འཆར་འགོད་ཀྱིས་བེད་སྤྱོད་བྱས་ཐོག ས་ཆར་བརྟེན་ནས་ལྗང་མདོག་གཏན་འཁེལ་དང་ཆུ་ལ་བརྟེན་ནས་ལྗང་མདོག་གཏན་འཁེལ། ཡུལ་བབ་དང་བསྟུན་ནས་ལྗང་མདོག་རྒྱ་སྐྱེད་གཏོང་བ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ། ཤིང་འཛུགས་རྒྱུར་འཚམ་ན་ཤིང་འཛུགས་པ་དང་རྩྭ་འདེབས་རྒྱུར་འཚམ་ན་རྩྭ་འདེབས་དགོས། ནུས་ཤུགས་དེ་བས་ཆེ་བ་བཏོན་ནས་དོ་དམ་དང་བདག་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཁུལ་དབྱེ་བ་དང་རིགས་དབྱེ་ནས་ནགས་ཚལ་རྒྱུན་མཐུད་ངང་གཉེར་སྐྱོང་བྱེད་པ། རྩྭ་ཐང་སྲུང་སྐྱོང་དང་ཉམས་གསོར་སྐུལ་འདེད་ནུས་ལྡན་གཏོང་བ། ཁྱོན་ཡོངས་ནས་ནགས་རྩྭའི་སྤུས་ཚད་མཐོ་རུ་དང་ནུས་པ་ཆེ་རུ་གཏོང་བ། མེ་འགོག་འབུ་འགོག་ཡག་པོ་བྱས་ཏེ་ལྗང་འགྱུར་གྲུབ་འབྲས་ལ་སྲུང་སྐྱོང་ཡག་པོ་བཅས་བྱེད་དགོས། འབྱུང་ཁམས་ཐོན་རྫས་ཀྱི་རིན་ཐང་བརྗེ་སྒྱུར་ཐབས་ལམ་ཤར་གཏོང་བྱེད་པ་དང་། ནགས་ལས་དང་རྩྭ་ཐང་གི་ཐོན་ལས་སྟོབས་ཆེར་གཏོང་བ། དཔལ་འབྱོར་གྱི་རིན་ཐང་དང་འབྱུང་ཁམས་ཀྱི་ཕན་འབྲས་དུས་གཅིག་ཏུ་ཆེ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ལྗང་མདོག་ཅན་དུ་འགྱུར་བ་དང་མཛེས་སྡུག་ལྡན་པར་འགྱུར་བའི་ལས་དོན་ལ་མཐུན་སྦྱོར་ངང་སྐུལ་འདེད་དང་། མང་ཚོགས་ཉེ་འགྲམ་གྱི་སྔོ་ལྗང་ས་ཆ་མང་དུ་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ལྗང་མདོག་གི་ཐོབ་སྣང་དེ་བས་མང་བ་ཡོང་བར་བྱེད་དགོས་པའི་ནན་སྟོན་གནང་ཡོད།
པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་དོན་ཨུ་ཡོན་སོགས་ཤིང་འཛུགས་བྱེད་སྒོར་ཞུགས་ཡོད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社