ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན། གསར་འགོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བར། དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་40(2026ལོའི་ཟླ་2ཚེས་2ཉིན་ནས་ཟླ་3ཚེས་13ཉིན་བར)ཡི་ནང་སྤྱི་ཚོགས་ཡོངས་སུ་ས་ཁོངས་སྒྲོལ་མཁན་མི་ཐེངས་དུང་ཕྱུར་94.1ཟིན་པ་དེ་2025ལོའི་དཔྱིད་གསར་སྐྱེལ་འདྲེན་ལས་བརྒྱ་ཆ་4.3འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
ཞིབ་ཕྲར་བལྟས་ཚེ། རླངས་འཁོར་ལ་བསྡད་ནས་འགྲོ་འོང་བྱེད་ཚད་མི་ཐེངས་དུང་ཕྱུར་87.4ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་4.2འཕར་བ་དང་། དེའི་ནང་སྒེར་འཁོར་བཏང་ནས་འགྲོ་འོང་བྱེད་ཚད་མི་ཐེངས་དུང་ཕྱུར་74.6ཟིན་པ་དེས་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་སྒྲོལ་མཁན་གྱི་འགྲོ་འོང་བྱེད་ཚད་ཀྱི་བརྒྱ་ཆ་79.3བཟུང་ཡོད། གཞུང་ལམ་གཉེར་སྐྱོང་རང་བཞིན་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་12.8ཟིན་ཡོད། ལྕགས་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་5.4ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་4.8འཕར་ཡོད། ཆུ་ཐོག་གི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་3597ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་15.3འཕར་ཡོད། དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་9439ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་4.6འཕར་ཡོད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社