ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་14ཉིན་གློག་འཕྲིན་འབྱོར་གསལ།ཉིན་ཤས་གོང་།རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་ཕྱིར་སློག་པའི་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་ཆེད།འགག་སྒོའི་སྤྱི་ཁྱབ་ཧྲུའུ་ཡིས་སྤྱི་བསྒྲགས་ཤིག་སྤེལ་ནས།2026ལོའི་ཟླ་4ཚེས་1ཉིན་ནས་བཟུང་།རྒྱལ་ཡོངས་ཀྱི་འགག་སྒོ་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་སིལ་ཚོང་ཕྱིར་གཏོང་ཚོང་ཟོག་འགག་སྒོ་སྒྲོལ་ཁུལ་ནས་ཕྱིར་སློག་བྱེད་སྟངས་ཁྱབ་གདལ་དུ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་སིལ་ཚོང་ཕྱིར་གཏོང་ཚོང་ཟོག(འགག་སྒོའི་ལྟ་སྐུལ་དོ་དམ་གྱི་ཚབ་རྟགས།9610)འགག་སྒོ་སྒྲོལ་ཁུལ་ནས་ཚོང་ཟོག་ཕྱིར་སློག་བྱེད་ཅེས་པ་ནི།རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་ཁེ་ལས་ཀྱིས་སིལ་ཚོང་ཕྱིར་གཏོང་བྱས་པའི་ཚོང་ཟོག་ཕྱི་རྒྱལ་དུ་ཕྱིར་སློག་བྱེད་སྐབས་ངེས་པར་དུ་དེ་སྔའི་ཕྱིར་གཏོང་འགག་སྒོ་ནས་ཕྱིར་སློག་མི་དགོས་པར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་གི་འགག་སྒོ་གང་རུང་ཞིག་བདམས་ནས་ཕྱིར་སློག་ནང་འདྲེན་གྱི་འགྲོ་ལུགས་གཉེར་བའི་ལྟ་སྐུལ་དོ་དམ་བྱེད་སྟངས་ལ་ཟེར།
ཤེས་རྟོགས་བྱུང་བར་གཞིགས་ན།འགག་སྒོའི་སྤྱི་ཁྱབ་ཧྲུའུ་ཡིས་2024ལོའི་ཟླ་11པར་སྤྱི་བསྒྲགས་སྤེལ་ནས།ལོ་དེའི་ཟླ་12ཚེས་15ཉིན་ནས་བཟུང་པེ་ཅིང་དང་།ཐེན་ཅིན།ཏ་ལེན།ཧའར་པིན།ཧྲང་ཧའེ།ནན་ཅིང་། ཧང་ཀྲོའུ།ཁྲེང་ཏུའུ།ཝུའུ་ལུའུ་མུའུ་ཆི་སོགས་ཐད་གཏོགས་འགག་སྒོ་20ཡིས་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་སིལ་ཚོང་ཕྱིར་གཏོང་གི་འགག་སྒོ་སྒྲོལ་བའི་དངོས་ཟོག་ཕྱིར་སློག་གི་ལྟ་སྐུལ་དོ་དམ་བྱེད་སྟངས་ཚོད་ལྟ་བྱ་རྒྱུ་ཁ་གསལ་བཏོན་ཡོད།ལོ་གཅིག་གི་རིང་ཚོད་ལྟ་བྱས་པ་བརྒྱུད། ད་ལྟ་རྒྱལ་ཡོངས་སུ་ཁྱབ་གདལ་དུ་གཏོང་བའི་ཆ་རྐྱེན་འཛོམས་ཡོད།
ད་ཐེངས་ཡོངས་བསྒྲགས་བྱས་པའི་སྤྱི་བསྒྲགས་ཀྱི་བླང་བྱ་གཞིར་བཟུང་།འགག་སྒོ་སྒྲོལ་ཁུལ་ནས་དངོས་ཟོག་ཕྱིར་སློག་བྱ་རྒྱུ་དེ་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་སིལ་ཚོང་ཕྱིར་གཏོང་ཚོང་ཟོག་ཁོ་ནར་སྤྱོད་ཆོག་པ་སྟེ།“9610རྣམ་པ”དེ་རེད།དེ་དང་ཆབས་ཅིག་ཏུ་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་སིལ་ཚོང་ཕྱིར་གཏོང་ཚོང་ཟོག་འགག་སྒོ་སྒྲོལ་ཁུལ་ནས་ཕྱིར་སློག་བྱེད་ཆོག་མོད།ཕྱིར་སློག་ཚོང་ཟོག་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་སིལ་ཚོང་ཕྱིར་གཏོང་ལས་སྒོ་སྤེལ་སའི་འགག་སྒོའི་ལྟ་སྐུལ་དོ་དམ་གྱི་ལས་ཡུལ་ཁོ་ནར་ཕྱིར་སློག་བྱེད་ཆོག
གཞན་ཡང་།སྤྱི་བསྒྲགས་ནང་ད་དུང་ཁ་གསལ་བཏོན་དོན།རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་སིལ་ཚོང་ཕྱིར་གཏོང་གི་འགག་སྒོ་སྒྲོལ་ཁུལ་ནས་ཚོང་ཟོག་ཕྱིར་སློག་གི་ལས་སྒོ་སྤེལ་མཁན་ཁེ་ལས་ཀྱིས་ཚད་ལྡན་ངང་གཉེར་སྐྱོང་བྱེད་དགོས་པར་མ་ཟད།རང་ཚུགས་ཀྱི་ལས་སྒྲུབ་ནུས་པའི་ཁུལ་ཡང་ལྡན་དགོས།འབྲེལ་ཡོད་ཐོན་སྐྱེད་ལས་སྒྲུབ་མ་ལག་གི་གྲངས་གཞི་འགག་སྒོར་སྒོ་དབྱེའམ་ཡང་ན་འགག་སྒོའི་ཆ་འཕྲིན་ཅན་མ་ལག་དང་སྦྲེལ་མཐུད་བྱེད་དགོས།
རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་དེ་རྒྱལ་སྤྱིའི་ཚོང་དོན་གྱི་ལས་རྣམ་གསར་པ་ཞིག་ཡིན་པའི་ངོས་ནས་ཉེ་བའི་ལོ་ཤས་རིང་འཕེལ་རྒྱས་མྱུར་པོ་བྱུང་ནས།རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་འཕར་རྒྱུར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།འོན་ཀྱང་།རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་།དུས་མཚུངས་སུ།རྒྱལ་མཚམས་སྒྲོལ་བའི་ཚོང་ཟོག་ཕྱིར་སློག་གི་གནད་དོན་ནི་ཐོག་མཐའ་བར་གསུམ་དུ་ལས་རིགས་འཕེལ་རྒྱས་ཀྱི་དཀའ་གནད་ཅིག་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社