ཆུ་ཤུར་རྫོང་ཚལ་སྣེ་གྲོང་རྡལ་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ(གཤམ་དུ་ཚལ་སྣེ་གླིང་ཁུལ་ཞེས་བསྡུ་རྒྱུ)གྱི་ངོས་ནས་བརྗོད་ན། 2025ལོ་ནི་ལོ་ལེགས་བྱུང་བའི་ལོ་ཞིག་རེད། དེ་གར་ཞིང་ལས་ཚ་ཚ་འུར་འུར་ངང་གཉེར་བར་མ་ཟད། ད་དུང་མཛེས་སྡུག་ལྡན་པའི་མེ་ཏོག་ལྡུམ་རའི་ལག་རྩལ་ཁང་དང་སྤྱོད་གོ་ཆོད་པའི་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞིར་བརྟེན་ནས་ཡུལ་སྐོར་དང་ཞིབ་འཇུག་རང་བཞིན་གྱི་སློབ་སྦྱོང་གཉིས་ཟུང་འབྲེལ་ནུས་ལྡན་བྱས་ཏེ། གྲོང་མི་དང་ཡུལ་སྐོར་བར་སྤྲོ་གསེང་བྱེད་ཞོར་དུ་ཚན་རིག་ཤེས་བྱ་ཤེས་རྟོགས་ཐུབ་པར་བྱས་ཡོད།
ཆུ་ཤུར་རྫོང་ཚལ་སྣེ་གྲོང་རྡལ་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་པད་སྒྲོན་གྱིས་ན་ནིང་གླིང་ཁུལ་དེའི་ལས་དོན་ཁག་ལ་ཚད་བརྒལ་མང་པོ་བྱུང་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། དེ་གར་ལྷ་ས་གྲོང་ཁྱེར་གྱི་ལག་རྩལ་གསར་གཏོད་ལྟེ་གནས་བསྐྲུན་ནས་ཞིང་ལས་སྐྱེ་དངོས་སྣ་ཁ་གསར་པ་7ཁྱབ་གདལ་དུ་བཏང་བ་དང་ཐོན་རྫས་རིན་ཐང་དུས་མཚུངས་ལས་བརྒྱ་ཆ་27འཕར་ཡོད་ཅེས་བཤད།
པད་སྒྲོན་གྱིས། ང་ཚོས་ཏང་ཀྲི་པུའུ་དང་། ཁེ་ལས། རྟེན་གཞི། ཞིང་དུད་བཅས་ཟུང་དུ་འབྲེལ་བའི་བྱེད་སྟངས་བརྒྱུད། མི་865ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་པར་མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1.8བྱུང་ཡོད། རིག་གནས་ཡུལ་སྐོར་གྱི་ཞིབ་འཇུག་སློབ་སྦྱོང་ལའང་མཆོང་སྐྱོད་བྱུང་ནས་རྒྱལ་ཁབ་ཀྱི་4Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་དང་། ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི་18.22དང་ཞིབ་འཇུག་རང་བཞིན་གྱི་སློབ་སྦྱོང་ཚོགས་པ་65ལྷག་ཙམ་ལ་སྣེ་ལེན་ཞུས་པ། ད་དུང་ལྗོངས་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞིར་བདམས་ཐོན་བྱུང་ནས་ཞིང་ལས་ཀྱི་རྨང་གཞི་འདིང་བ་དང་། རིག་གནས་ཡུལ་སྐོར་ལ་འབབ་འཕར་ཡོང་བ། ཞིབ་འཇུག་རང་བཞིན་གྱི་སློབ་སྦྱོང་ལས་འཇོན་ཐང་ཆེ་རུ་གཏོང་བ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་ཅེས་བཤད།
ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞིར་བསྐྱོད་སྐབས་ཚན་རིག་ཁྱབ་གདལ་ཁང་དང་ས་མེད་འདེབས་གསོ་ཁང་མཐོང་ཐུབ། ས་མེད་འདེབས་གསོ་ཁང་གིས་བཟུང་བའི་སའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་2500ཟིན་ཡོད་ཅིང་། དེའི་ནང་ས་མེད་འདེབས་གསོ་བྱེད་སྟངས་ཁག་14མངོན་པ་དང་། ས་དང་བྲལ་བའི་ཤིང་འབྲས་དང་སྔོ་ཚལ་གྱི་སྡོང་རྐང་སྔོ་ཐིང་ཐིང་ངང་སྐྱེས་ཡོད་པ་ལས་དེང་རབས་ཞིང་ལས་ཚན་རྩལ་གྱི་ཡིད་དབང་འཕྲོག་ཤུགས་མངོན་པར་མ་ཟད། ཚན་རིག་ཁྱབ་གདལ་སློབ་གསོའི་གསོན་ཉམས་ལྡན་པའི་སློབ་ཁང་དུའང་གྱུར་ནས་སློབ་མ་དང་ཡུལ་སྐོར་བ་མང་པོ་ཞིག་དེ་གར་ལྟ་སྐོར་དང་ཞིབ་འཇུག་སློབ་སྦྱོང་བྱེད་པར་ཡོང་རྒྱུའི་ཡིད་དབང་བཀུག་སྟེ་ས་མཐོའི་ཞིང་ལས་ཀྱི་ཚན་རྩལ་གསར་པ་ཤེས་རྟོགས་ཐུབ་པར་བྱས་ཡོད། དེ་དང་ཆབས་ཅིག་ཏུ་ཕུལ་བྱུང་གི་ཚན་རིག་ཁྱབ་གདལ་ཤེས་བྱའི་སྒྲོག་འགྲེལ་པ་ཁག་ཅིག་ཀྱང་གསོ་སྐྱོང་བྱས་ཡོད།
ཆུ་ཤུར་རྫོང་ཚལ་སྣེ་གྲོང་རྡལ་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་གྱི་འགྲེལ་བཤད་པ་སྐལ་བཟང་སྒྲོལ་དཀར་གྱིས། ངས་གླིང་ཁུལ་དུ་འགྲེལ་བཤད་པ་བྱས་པའི་ལོ་དེ་དག་ནང་གླིང་ཁུལ་གྱི་ཐོན་ལས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བ་དང་ཡུལ་སྐོར་བའང་ཇེ་མང་དུ་འགྲོ་བ་མིག་མཐོང་ལག་ཟིན་བྱུང་ལ། རང་ཉིད་ཀྱང་སྔོན་ཆད་གླིང་ཁུལ་ལ་རྒྱུས་མངའ་མེད་པ་ནས་ད་ཆ་ཤེས་རྟོགས་གཏིང་ཟབ་ཐུབ་མཁན་ཞིག་ཏུའང་གྱུར་སོང་ཞེས་བཤད།
དེས་མ་ཚད་གླིང་ཁུལ་འཕེལ་རྒྱས་ཕྱིན་པ་ལས་ས་གནས་དེ་གའི་མང་ཚོགས་ལ་རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་འབབ་འཕར་གྱི་འདུན་པ་དེ་བས་མངོན་འགྱུར་བྱུང་ཡོད། སྒྲོལ་མ་ནི་དེའི་ཁྲོད་ཀྱི་ཁོངས་མི་ཞིག་ཡིན་པ་དང་དེ་སྔ་ཁོང་ནི་ཚལ་སྣེ་གྲོང་ཚོའི་གྲོང་མི་དཀྱུས་མ་ཞིག་ཡིན་པས་ལྷ་སར་ལས་ཀ་ཙག་ཙིག་བྱས་ནས་ཁྱིམ་ཚང་སྐྱོང་དགོས་ཀྱི་ཡོད། ད་ཆ་ཁོང་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པར་མ་ཟད། ད་དུང་གླིང་ཁུལ་དུ་འདེབས་འཛུགས་ཀྱི་ལས་ཀ་དང་ཡུལ་སྐོར་བར་སྣེ་ལེན་ཞུ་བ་སོགས་ཀྱི་རྩལ་ནུས་ཀྱང་ཤེས་པས་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོད།
2025ལོར་གླིང་ཁུལ་གྱིས་མི་865ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ་དང་མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1.8བྱུང་ནས་ཁྱོན་གླ་ཕོགས་སྒོར་ཁྲི་1357.65སྤྲད་པ་དེ་དུས་མཚུངས་ལས་བརྒྱ་ཆ་16.31འཕར་ཡོད། ད་ཆའི་ཚལ་སྣེ་གླིང་ཁུལ་ནི་ཞིང་ལས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་ཞིག་ཡིན་ལ་མང་ཚོགས་ཀྱི་འབབ་འཕར་ཡོང་ས་ཞིག་ཀྱང་ཡིན་པར་མ་ཟད། ཚང་མ་སློབ་སྦྱོང་དང་སྤྲོ་གསེང་བྱ་ཡུལ་ཡག་པོ་ཞིག་ཀྱང་རེད། 2025ལོའི་གྲུབ་འབྲས་བཟང་པོས་གླིང་ཁུལ་གྱི་འབྱུང་འགྱུར་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ལ། ཚང་མས་དེ་གའི་འབྱུང་འགྱུར་ལ་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད།
པད་སྒྲོན་གྱིས། རྗེས་མར་གླིང་ཁུལ་གྱིས་ས་མཐོའི་འདེབས་འཛུགས་ལས་རིགས་གསར་གཏོད་བྱ་ཡུལ་དང་། ས་མཐོའི་འདེབས་འཛུགས་ལས་རིགས་གསོ་སྤེལ་ལྟེ་གནས། ས་མཐོའི་ཁྱད་ལྡན་ཐོན་རྫས་ཕྱིར་འདྲེན་བྱ་ཡུལ། གྲོང་མིའི་སྤྲོ་གསེང་བྱ་ཡུལ་བཅས་ཕྱོགས་བཞིའི་ངེས་གནས་གཏན་འཁེལ་བྱས་ཏེ། དོ་དམ་ཨུ་ལྷན་དང་ཁེ་ལས་ཟུང་དུ་འབྲེལ་བའི་གཉེར་སྐྱོང་བྱེད་སྟངས་མཐའ་འཁྱོངས་དང་ཐོན་སྐྱེད་ནུས་ཤུཊ་གསར་མའི་ཐོན་ལས་རིམ་སྤོར་བྱ་རྒྱུ་དང་། འདེབས་འཛུཊ་ལས་རིཊ་ལ་བརྟེན་ནས་གླིང་ཁུལ་འཛུགས་པ་དང་། ཐོན་ལས་ལ་བརྟེན་ནས་གླིང་ཁུལ་སྟོབས་ཆེར་གཏོང་བ། རིག་གནས་ཡུལ་སྐོར་ལ་བརྟེན་ནས་གླིང་ཁུལ་དར་རྒྱས་སུ་གཏོང་བ། སྤུས་རྟཊ་ལ་བརྟེན་ནས་གླིང་ཁུལ་གཏོད་པ་བཅས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མ་ལག་ཅིག་གཏོད་རྒྱུ་ཡིན་ཞེས་བཤད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社