分享按钮

གདོང་དཀར་ཁྲོམ་གཞུང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་མཉམ་སྤྲོའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གདོང་དཀར་ཁྲོམ་གཞུང་གིས་དུས་ཆེན་གཉིས་བསུས་ནས་རྒྱང་ལམ་གསར་པར་སྐྱོད་ཅེས་པའི་གཙོ་དོན་མཉམ་སྤྲོའི་བྱེད་སྒོ་སྤེལ་འགོ་ཚུགས་ཤིང་། ཁྲོམ་གཞུང་དང་དེ་བཞིན་སྡེ་ཁུལ་ཁག་གི་ལས་བྱེད་པ་ཚང་མ་མཉམ་དུ་འཛོམས་ནས་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་དང་ཁྱིམ་མཚེས་དབར་གྱི་མཛའ་གྲོགས་མཉམ་དུ་གླེང་ནས་རྒྱང་ལམ་གསར་པར་བསྐྱོད་ཡོད།

བྱེད་སྒོ་སྤེལ་ཡུལ་གྱི་རྣམ་པ་འཁྲུག་ཆ་དོད་པ་དང་། དམངས་སྲོལ་ཀྱི་ཁྱད་ཆོས་ལྡན་པའི་འཁྲབ་སྟོན་སྣ་ཚོགས་གཅིག་རྗེས་གཉིས་མཐུད་དུ་བྱས་ཤིང་། རོལ་རྩེད་ཀྱི་བརྒྱུད་རིམ་ཁྲོད་ལས་བྱེད་པ་དང་ལས་བཟོ་བ་ཚོ་འཚང་ཁ་ཤིག་ཤིག་ངང་ཞུགས་པ་དང་མ་གྲོས་གཅིག་མཐུན་ངང་གཞོགས་འདེགས་བྱས་ནས། དགའ་སྤྲོའི་རྣམ་པའི་ཐོག་ནས་མཐུན་སྒྲིལ་མཉམ་ལས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་པར་བྱས་ཡོད། ཆུ་མོག་བཟོ་བའི་བརྒྱུད་རིམ་ཁྲོད་ཚང་མ་མཉམ་དུ་རུབ་རུབ་བྱས་ནས་དགའ་དགའ་སྤྲོ་སྤྲོའི་ངང་ཆུ་མོག་བཟོས་ཤིང་། ཕན་ཚུན་དབར་ལས་ཀའི་མྱོང་ཚོར་དང་འཚོ་བའི་སྐྱིད་སྡུག་ལྷུག་པོར་གླེང་ཡོད། འདི་ལས་ལོ་རྙིང་ཕར་ལ་སྐྱེལ་བ་དང་ལོ་གསར་ཚུར་ལ་བསུ་བའི་འདུན་པ་མཚོན་ཡོད་ལ། ཚོགས་པར་བཅངས་པའི་ལྷག་བསམ་ཟོལ་མེད་ཀྱི་དགའ་ཞེན་ཡང་མཚོན་ཡོད།

སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་གི་འབྲེལ་ཡོད་འགན་འཁུར་བས། ད་ཐེངས་ཀྱི་བྱེད་སྒོས་སྲོལ་རྒྱུན་རིག་གནས་དང་། མི་རིགས་ཀྱི་ཁྱད་ཆོས། ཚོགས་པ་འཛུགས་སྐྱོང་བཅས་མཉམ་འདྲེས་གཏིང་ཟབ་བྱས་ནས། གཞི་རིམ་ལས་བྱེད་པས་བྲེལ་འཚུབ་ཆེ་བའི་ལས་ཀའི་ཁྲོད་ངལ་དུབ་སེལ་བ་དང་དྲོ་སྐྱིད་ཚོར་བར་བྱས་ཏེ། ཁྲོམ་གཞུང་གི་གོང་འོག་ལས་སྒྲུབ་ལས་གཏོད་དང་དཔའ་ངར་ཆེར་སྐྱེད་ཀྱིས་སྔོན་ཐོན་བརྩོན་ལེན་བྱེད་པའི་མཉམ་ཤུགས་ཆེན་པོ་སྔར་བས་གཅིག་སྡུད་བྱས་ཡོད་ཅེས་བཤད།

རྗེས་མར་གདོང་དཀར་ཁྲོམ་གཞུང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་འཐབ་སར་མུ་མཐུད་ནས་བརྟེན་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོར་དམིགས་པ། དེ་བས་དམིགས་སའི་རང་བཞིན་དང་ཉེ་བཅར་རང་བཞིན་ལྡན་པའི་རིག་རྩལ་བྱེད་སྒོ་སྤེལ་བ། བསམ་པའི་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ། མཐུན་སྒྲིལ་ཡར་བརྩོན་དང་དྲོ་སྐྱིད་འཆམ་མཐུན་གྱི་རྣམ་པ་ཟབ་མོ་གཏོད་པ་བཅས་བྱས་ཏེ། དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་ཐོག་ནས་གོམ་ཞེང་ཆེན་པོས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་རྒྱུ་རེད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2026-02-28 6 6 拉萨日报藏文 c217614.html 1 གདོང་དཀར་ཁྲོམ་གཞུང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་མཉམ་སྤྲོའི་བྱེད་སྒོ་སྤེལ་བ། /enpproperty-->