分享按钮

མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་ཚོའི་གྲོང་མི་དགའ་དགའ་སྤྲོ་སྤྲོའི་ ངང་སྡོད་ཁང་གསར་པར་སྤོས་པ།

པར་འདི་ནི་གྲོང་མིས་སྡོད་ཁང་གསར་པའི་ནང་གཙང་སྦྲ་བྱེད་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྦྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་གུང་དཀར་གྲོང་ཚོར་སྐྱོད་སྐབས། རྣམ་པ་གསར་རྐྱང་གི་བོད་བཟོའི་སྡོད་ཁང་གྲལ་སྟར་སྒྲིག་པ་དང་། ཁང་པའི་ནང་དྲོ་སྐྱིད་ཀྱིས་ཁེངས་ཡོད། གྲོང་མི་ཚོས་ཁྱིམ་ཆས་ཕྱིས་བཞིན་འདུག་ལ། གསར་དུ་སྤོས་མ་ཐག་པའི་ཁང་པ་གསར་པའི་ནང་ལོ་གསར་བསུ་བཞིན་འདུག

དགུན་དུས་ཀྱི་ཉི་འོད་གྲོང་མི་བྱམས་དར་གྱི་ཚོམས་ཆེན་དུ་འཕྲོ་སྐབས། བྱམས་དར་གྱི་བཟའ་ཟླས་ཐབ་ཕྱིས་ཁྱེར་ནས་བོད་བཟོའི་ཆ་སྒམ་གསར་པར་ཕྱིས་བརྡར་གཏོང་བཞིན་ཡོད་པ་དང་། ཆ་སྒམ་ཐོག་གི་རི་མོ་རྣམས་ཕྱིས་ནས་བཀྲག་མདངས་འཚེར་བ་ཞིག་འདུག བྱམས་དར་ཚང་གི་གསར་དུ་བསྐྲུན་པའི་ཁང་པ་ནི་ཐོག་སོ་གཉིས་ཅན་ཞིག་ཡིན་པ་དང་། ཁང་པ་རྒྱ་ཆེ་ལ་དཀར་ཆ་དོད་ཅིང་། ཀྲུང་ལུགས་ལྟར་མཛེས་བཟོ་བྱས་ཡོད་པས་སྟབས་བདེ་ལ་དྲོ་སྐྱིད་ལྡན་པ་ཞིག་ཡོད།

2025ལོ་ནས་བཟུང་། མལ་གྲོ་གུང་དཀར་རྫོང་གིས་ཤང་དང་གྲོང་ཚོའི་སྡོད་ཁང་གི་སྤུས་ཚད་ལེགས་སུ་གཏོང་བའི་དཔྱིད་རླུང་བྱ་སྤྱོད་ལག་བསྟར་བྱས་ནས་ཞིང་འབྲོག་པ་མང་པོ་ཞིག་ཉེན་ཡོད་ཁང་པ་རྙིང་པ་ནས་ཁ་བྲལ་ཏེ་བདེ་འཇགས་དང་། རྒྱ་ཆེ་བ། སྐྱིད་སྣང་དོད་པ་བཅས་ཀྱི་ཁང་པ་གསར་པའི་ནང་སྤོས་པ་དང་། གངས་ལྗོངས་ས་མཐོར་བདེ་སྡོད་ལས་བརྩོན་གྱི་གྲོང་གསེབ་དར་རྒྱས་ཀྱི་ལེའུ་གསར་པ་ཞིག་བརྩམས་ཡོད། སྡོད་ཁང་གསར་པར་སྤོས་པའི་གྲོང་མི་ཚོས་འཚོ་བར་རེ་སྒུག་ཆེན་པོ་བྱེད་པ་དང་། དགའ་སྤྲོའི་འཛུམ་མདངས་དེས་ས་མཐོའི་གྲོང་ཚོ་ཆུང་ཆུང་དེར་དྲོ་སྐྱིད་དང་བདེ་སྐྱིད་ཀྱིས་ཁེངས་པར་བྱས་ཡོད།

མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་ཧུའུ་ཤིང་ཝང་གིས། 2025ལོར་གུང་དཀར་གྲོང་རྡལ་དུ་དཔྱིད་རླུང་བྱ་སྤྱོད་ནང་ཞུགས་མཁན་གྱི་མང་ཚོགས་དུད་ཚང་198ཡོད་པ་དང་། ཁང་པར་ཞིབ་བཤེར་རྩིས་ལེན་བྱེད་མཁན་གྱི་དུད་ཚང་198ཟིན་ནས་མང་ཚོགས་བློ་ཡིད་ཚིམ་ཚད་བརྒྱ་ཆ་བརྒྱ་ཟིན་ཡོད་ཅེས་བཤད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2026-02-28 6 6 拉萨日报藏文 c217613.html 1 མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་ཚོའི་གྲོང་མི་དགའ་དགའ་སྤྲོ་སྤྲོའི་ ངང་སྡོད་ཁང་གསར་པར་སྤོས་པ། /enpproperty-->