分享按钮

བོད་ལྗོངས་མེ་ཟོན་ཚན་པས་ཐོག་བརྩེགས་ཁང་ཆེན་གྱི་མེ་གསོད་རོགས་སྐྱོབ་ནང་སྦྱོང་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱ་ཆེད། ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་སྣེའུ་ཁུལ་གསར་དབན་ཏ་ཐང་ཆེན་དུ་2025ལོའི་ལོ་འཁོར་གྱི་ཐོག་བརྩེགས་ཁང་ཆེན་དང་ཚོང་ལས་ཕྱོགས་བསྡུས་སྒྲིག་གཞིའི་མེ་གསོད་རོཊ་སྐྱོབ་ཀྱི་ནང་སྦྱོང་བྱས་པ་རེད།

ད་ཐེངས་ཀྱི་ནང་སྦྱོང་ནང་དབན་ཏ་ཐང་ཆེན་གློག་བརྙན་ཁང་གི་གློག་ཆས་སྐུད་ལམ་ལ་སྐྱོན་ཤོར་བའི་རྐྱེན་གྱིས་མེ་སྐྱོན་ཐོན་པ་དང་མེ་མགྱོགས་མྱུར་ཚོང་རའི་ཚོང་ལས་ས་ཁོངས་དང་དེ་བཞིན་ཤར་ངོས་ཀྱི་མཐོ་རིམ་ཚོང་ལས་ཐོག་ཁང་དང་གསོལ་མགྲོན་ཁང་དུ་མཆེད་ནས་མི་མང་པོ་ཞིག་ཉེ་ཁ་ལས་ཐར་ཐབས་བྲལ་བའི་ཁུལ་བྱས་ཡོད། མེ་སྐྱོན་ཐོན་རྗེས་ཚོང་རའི་མེ་ཟོན་ཚོད་འཛིན་ཁང་གིས་འཕྲལ་མར་འཕྲལ་སྡོམ་བརྡ་ལན་བཏང་ནས་མེ་ཟོན་འཕྲལ་སྡོམ་རླུང་འཕྲིན་དང་། འཕྲལ་སྡོམ་གློག་སྒྲོན། ཁ་འགྲེམས་མཛུབ་སྟོན་མ་ལག་བཅས་སྤྱོད་འགོ་ཚུགས་པ་དང་འབྲེལ་མེ་ཟོན་ས་ཚིགས་ཆུང་གྲས་ལ་ཐོག་མའི་ཐག་གཅོད་བྱ་རྒྱུའི་བརྡ་ཐོ་བཏང་བ་དང་ཆབས་ཅིག་119བཀོད་འདོམས་ལྟེ་གནས་ལ་སྙན་སེང་ཞུས་ནས་རྗེས་མཐུད་རོགས་སྐྱོབ་ལ་རྩ་ཆེའི་དུས་ཚོད་བརྩོན་ལེན་བྱས་ཡོད། བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་མེ་ཟོན་ལྟ་སྐུལ་ཁྲུའི་རིམ་པ་དང་པོའི་བཀོད་འདོམས་པ་ལི་ཐའོ་ཡིས་རང་ལྗོངས་ཀྱི་ཐོག་བརྩེགས་ཁང་ཆེན་གྱི་མེ་ཟོན་བདེ་འཇགས་དོ་དམ་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་ནས་མེ་སྐྱོན་ཚབས་ཆེན་གྱི་ཉེན་ཁ་འབྱུང་རྩ་ནས་འགོག་ཟོན་དང་སེལ་བ་དང་མེ་སྐྱོན་གྱི་ལས་འཛོལ་ཐོན་རྒྱུ་ནན་འགོག་བྱ་ཆེད། དེ་རིང་ང་ཚོས་ཐོག་བརྩེགས་ཁང་ཆེན་གྱི་མེ་སྐྱོན་གྱི་ཁྱད་ཆོས་ལ་དམ་པོར་དམིགས་ནས་བརྒྱུད་རིམ་ཧྲིལ་པོའི་ནང་སྦྱོང་བྱ་རྒྱུ་མཐའ་འཁྱོངས་དང་། རྒྱུ་རྐྱེན་གཙོ་བོ་ཚང་མར་ཁྱབ་པ། རུ་ཁག་མང་པོ་སྒྲིག་འཛུགས། མཉམ་འབྲེལ་དངོས་འཐབ་ནང་སྦྱོང་མང་ཙམ་བཅས་བྱས་པ་ཡིན་ཞེས་བཤད།

ཉེན་བརྡ་འབྱོར་ནས་བཀོད་གཏོང་བྱས་རྗེས། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་བཀོད་འདོམས་ལྟེ་གནས་ཀྱིས་110བཀོད་འདོམས་ལྟེ་གནས་དང་མགྱོགས་མྱུར་མཉམ་འགུལ་བྱས་ནས་འགྲིམ་འགྲུལ་དང་མེ་ཟོན་ཉེན་རྟོག་གི་མཉམ་སྒྲུབ་མཉམ་འགུལ་ལམ་སྲོལ་བཙུགས་ཏེ་རོགས་སྐྱོབ་སྟོབས་ཤུགས་མགྱོགས་མྱུར་འབྱོར་ཐུབ་པའི་འགན་ལེན་བྱས་ཡོད། ས་ཡུལ་དངོས་སུ་འབྱོར་རྗེས་རོགས་སྐྱོབ་དཔུང་ཁག་གིས་འཕྲལ་མར་དམག་འཐབ་བཀོད་སྒྲིག་བྱས་ཏེ་མེ་སྐྱོན་མྱུལ་ཞིབ་དང་། མི་སྐྱོབ་པ་དང་མེ་གསོད་པ། མེ་སྐྱོན་ཐོན་ཡུལ་དུ་ཆུ་མཁོ་འདོན་བྱེད་པ་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དུས་གཅིག་ཏུ་སྐུལ་འདེད་བཏང་བ་རེད། འཚོལ་སྐྱོབ་ཚོགས་ཆུང་གིས་གནད་སྨིན་འཚོལ་སྐྱོབ་བྱས་ནས་ཉེན་གྱར་གྱི་མི་སྣ་མང་པོ་བསྐྱབས་པ་དང་འབྲེལ་སྨན་བཅོས་རོགས་སྐྱོབ་ཚོགས་ཆུང་ལ་རྩིས་སྤྲད་པ་དང་། ཆུ་མཁོ་འདོན་ཐད མེ་ཟོན་རླངས་འཁོར་གྱིས་ལྷ་སའི་སྐྱིད་ཆུར་བརྟེན་ནས་རྒྱང་ཁྲིད་ཆུ་མཁོ་འདོན་མ་ལམ་བཏིང་བ་དང་། ཤུགས་ཚད་ཆེ་བའི་ཆུ་མཁོ་འདོན་མེ་ཟོན་རླངས་འཁོར་གྱིས་མེ་ཟོན་ཆུ་ཤུགས་ཆེ་རུ་བཏང་བ་བརྒྱུད། ལམ་གཉིས་ཀྱི་ཆུ་འགོའི་འགན་ལེན་མ་ལག་བསྐྲུན་པ་དང་། རྒྱུན་མཐུད་དང་བརྟན་པོའི་ངང་ཆུ་མཁོ་འདོན་བྱས་ཏེ་མེ་གསོད་འགག་སྒྲོལ་ལ་འདེགས་སྐྱོར་བརྟན་པོ་བྱས་ཡོད།

ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་རུ་མི་ཝང་ཅུན་ཝུའེ་ཡིས་ད་ཐེངས་ཀྱི་ནང་སྦྱོང་ལ་ལྷ་ས་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་བཀོད་འཐབ་པ་133དང་མེ་ཟོན་རླངས་འཁོར་33བཏང་ནས་མེ་སྐྱོན་གྱི་གནས་ཚུལ་མྱུལ་ཞིབ་དང་། ནང་རྒོལ་མེ་གསོད། ཐོག་བརྩེགས་ཁང་ཆེན་ནས་མི་སྐྱོབ་པ། མེ་སྐྱོན་ཐོན་ཡུལ་གྱི་ཆུ་མཁོ་འདོན་སོགས་འགག་རྩའི་ལྷུ་ཚིགས་ཀྱི་དངོས་འཐབ་ཕན་ནུས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་དང་། ཚན་རིག་དང་མཐུན་པའི་ཐབས་ཇུས་དང་དཔུང་ཁག་གི་དང་ལེན་ནུས་པར་ཞུན་བརྡར་བྱས་ནས་གནོད་འཚེའི་གནས་ཚུལ་ངོ་མ་ཐོན་དུས་གདོང་མཆོང་ཐུབ་པ། རྒྱལ་ཁ་ལེན་ཐུབ་པ་བཅས་ཀྱི་འགན་ལེན་བྱས་ཡོད།

སླད་ཕྱིན། བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་ད་ཐེངས་ཀྱི་ནང་སྦྱོང་གོ་སྐབས་སུ་བྱས་ཏེ་ཉམས་མྱོང་ཕྱོགས་བསྡོམས་དང་ཞན་ཆ་གསབ་ནས་ཐོག་བརྩེགས་ཁང་ཆེན་དང་དེ་བཞིན་ཚོང་ལས་ཕྱོགས་བསྡུས་སྒྲིག་གཞིའི་མེ་སྐྱོན་མེ་གསོད་ཀྱི་དངོས་འཐབ་ནང་སྦྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་དཔུང་ཁག་ཆེད་ལས་ཅན་དང་ཚད་ལྡན་ཅན་གྱི་འཕྲལ་སྡོམ་རོགས་སྐྱོབ་ནུས་པ་ཆེ་རུ་གཏོང་རྒྱུ་རེད། དེ་དང་ཆབས་ཅིག་སྤྱི་ཚོགས་ཚན་པའི་མེ་ཟོན་བདེ་འཇགས་ཀྱི་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་མེ་ཟོན་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་དགོས། (པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2026-01-07 6 6 拉萨日报藏文 c214915.html 1 བོད་ལྗོངས་མེ་ཟོན་ཚན་པས་ཐོག་བརྩེགས་ཁང་ཆེན་གྱི་མེ་གསོད་རོགས་སྐྱོབ་ནང་སྦྱོང་བྱས་པ། /enpproperty-->