ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། མལ་གྲོ་གུང་དཀར་རྫོང་གིས་དང་བླངས་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་མཛེས་སྡུག་ལྡན་པའི་སྤྱི་ཚོགས་མཉམ་སྐྲུན་བྱེད་ཅེས་པའི་གཙོ་དོན་ལ་དམིགས་ནས་རྒྱལ་སྤྱིའི་དང་བླངས་པའི་ཉིན་མོའི་གཙོ་དོན་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་བཀྲག་མདངས་འཚེར་ས་མང་ཞིང་། འགོ་ཚུགས་ཞབས་བྲོ《བཀྲ་ཤིས་པའི་གླུ་དབྱངས》ཞེས་པ་དེ་སྲོང་བཙན་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་བྱས་པ་དང་འཁྲབ་སྟངས་གསོན་ཉམས་ལྡན་པ་དང་བླངས་པ་ཚོའི་ཟོལ་མེད་ཀྱི་སྨོན་འདུན་བཟང་པོ་ཞུ་ལུགས་མཚོན་ཡོད་པ་དང། དེ་རྗེས་ཞབས་བྲོ《བཀྲ་ཤིས་པའི་གཟབ་མཆོར》གྱིས་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཟབ་མོ་གང་ལེགས་མངོན་པ། གླུ་གཞས《འབྲོག་པའི་བུ་ཕྲུག》ཅེས་པ་དེས་མི་སེམས་འགུལ་བའི་འགྱུར་ཁུག་ལ་བརྟེན་ནས་དང་བླངས་པ་ཚོའི་ལྷག་བསམ་དང་འགན་འཁྲི་བརྒྱུད་སྤྲོད་བྱས་པ་བཅས་ངོ་མཚར་ཆེ་བའི་ལེ་ཚན་ལ་ལྟད་མོ་བས་དགའ་བསུ་གྲངས་མེད་ཞུས་ཡོད།
དེ་དང་ཆབས་ཅིག་བྱེད་སྒོའི་ཐོག་ཆེད་མངགས་གྲོང་ཨུད་ཏང་གི་སློབ་གྲྭའི་འཆད་ཁྲིད་དགེ་རྒན་སྐལ་བཟང་ཚེ་རིང་སྒྲོག་འགྲེལ་བྱེད་པར་གདན་དྲངས་པ་རེད། ཁོང་གིས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གསལ་འགྲེལ་བྱས་ཏེ་འཐབ་ཇུས་བཀོད་སྒྲིག་དེ་མང་ཚོགས་ཀྱིས་གོ་ཐུབ་པ་དང་གོ་བ་ལེན་ཐུབ་པའི་ཕལ་སྐད་དུ་བསྒྱུར་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་དུ་གཞི་ཚུགས་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།
བྱེད་སྒོ་མཇུག་འགྲིལ་རྗེས། རིན་མེད་འོས་འགན་སྨན་བཅོས་དང་། རིན་མེད་སྐྲ་བཞར། སྲིད་ཇུས་སྒྲོག་འགྲེལ་སོགས་དང་བླངས་ཞབས་ཞུའི་རྣམ་གྲངས་དུས་གཅིག་ཏུ་སྤེལ་བ་དང་། དང་བླངས་པ་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ཏེ། མང་ཚོགས་ལ་སྒོ་རྩ་ནས་སྟབས་བདེ་ལོངས་སྤྱོད་ཐུབ་པར་བྱས་ཡོད། ད་ཐེངས་ཀྱི་བྱེད་སྒོས་དང་བླངས་པ་ཚོར་གུས་འདུད་ཞུས་པར་མ་ཟད། དང་བླངས་པའི་སྙིང་སྟོབས་མི་སེམས་ལ་གཏིང་ཟབ་འཇགས་ནས་མལ་གྲོ་གུང་དཀར་རྫོང་དུ་མཛེས་སྡུག་ལྡན་པའི་སྤྱི་ཚོགས་མཉམ་སྐྲུན་གྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་ཡོད།(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社