ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་དཔལ་སྡིངས་སྨན་ཁང་གི་དུས་ཐེངས་དང་པོའི་ལས་གྲྭ་ལས་མཇུག་འགྲིལ་ནས་བེད་སྤྱོད་གཏོང་རྒྱུར་རྩིས་སྤྲད་ཅིང་། ལོ་མང་རིང་ཞིབ་ཚགས་ངང་བཏོད་པའི་དེང་རབས་ཅན་གྱི་སྨན་བཅོས་ལྟེ་གནས་དེ་ནི་མིག་སྔར་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཆེ་ཤོས་དང་། འཛུགས་སྐྲུན་གྱི་ཚད་གཞི་མཐོ་ཤོས། སྒྲིག་ཆས་བཀོད་སྒྲིག་ཆེས་སྔོན་ཐོན་བཅས་ཀྱི་ཀ་པ་རིམ་པ་གསུམ་པའི་ཕྱོགས་བསྡུས་སྨན་ཁང་ཞིག་རེད། དེ་བསྐྲུན་པ་ནི་བདེ་ཐང་གི་ལྷ་ས་འཛུགས་སྐྲུན་གྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན་པར་མ་ཟད། གངས་ལྗོངས་ས་མཐོས་ལྗོངས་ཡོངས་ཀྱི་མི་དམངས་ལ་ཆུ་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་སྒྲུབ་པའི་སྟེགས་བུ་གསར་པ་ཞིག་བསུས་ཡོད།
རྩིས་སྤྲོད་བྱ་ཡུལ་དུ་གྲོང་ཁྱེར་ནོར་སྲིད་ཅུས་དང་། གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན། གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་འབྲེལ་ཡོད་ཚན་པ་དང་དེ་བཞིན་འཛུགས་སྐྲུན་ནང་ཞུགས་མཁན་ཕྱོགས་ཀྱི་འགན་འཁུར་བ་བཅས་ཀྱིས་མཉམ་དུ་དུས་སྐབས་གལ་ཆེན་དེར་དཔང་པོ་བྱས་པ་རེད། ཚང་མས་སྔ་རྗེས་སུ་སྨན་ཁང་གི་སྒོ་བསྟེན་སྨན་བཅོས་ཚོམས་ཆེན་དང་། སྨན་ཁང་དུ་སྡོད་པའི་ནད་ཁང་། རིམ་བརྒྱའི་གཙང་སྦྲ་ལེགས་པའི་གཤགས་བཅོས་ཁང་། སྡོད་རྩའི་སྨན་རྫས་བཀོད་སྒྲིག་ལྟེ་གནས་སོགས་འགག་རྩའི་ས་ཁོངས་སུ་བསྐྱོད་དེ་རྣམ་གྲངས་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་ལྟ་ཞིབ་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་དཔལ་སྡིངས་སྨན་ཁང་གི་དུས་ཐེངས་དང་པོའི་ལས་གྲྭར་ཁྱོན་མ་དངུལ་སྒོར་དུང་ཕྱུར་14བཏང་བ་དང་། སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་19ཟིན་པ། ཉལ་ཁྲི་1000བཀོད་སྒྲིག་བྱས་པ། ཉིན་རེར་སྒོ་བསྟེན་སྨན་བཅོས་བྱེད་ནུས་མི་ཐེངས་3000ཟིན་པའི་འཆར་འགོད་བྱས་ཡོད། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་ཀྲང་ཉིང་གིས་ལྷ་ས་གྲོང་ཁྱེར་དཔལ་སྡིངས་སྨན་ཁང་གིས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དང་སྤུས་ཚད་གཅིག་མཚུངས་ཀྱི་སྨན་བཅོས་ཆུ་ཚད་རྒྱུན་འཁྱོངས་བྱ་རྒྱུ་དང་། པེ་ཅིང་བོད་སྐྱོར་རིགས་གཅིག་མཁས་ཅན་དང་རིགས་ཁག་གི་རིགས་གཅིག་མཁས་ཅན་གྱིས་དེ་གར་ཆེད་ཚན་སྒོ་བསྟེན་སྨན་ཁང་དང་སྒོ་བསྟེན་སྨན་ཁང་དཀྱུས་མ་འཛུགས་རྒྱུ་དང་ཆབས་ཅིག་རྫས་འགྱུར་བརྟག་དཔྱད་དང་ཞིབ་བཤེར་སོགས་གཞི་རྩའི་སྨན་བཅོས་ཞབས་ཞུ་ཁག་བསྒྲུབ་རྒྱུ་ཡིན་པ་དེས་ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་ཤུགས་ཆེན་འགྲོ་རྒྱུ་དང་མི་དམངས་མང་ཚོགས་ཀྱི་བདེ་ཐང་གི་ཆུ་ཚད་འགན་ལེན་ནུས་ལྡན་ཐུབ་རྒྱུ་རེད།
ལྷ་ས་གྲོང་ཁྱེར་དཔལ་སྡིངས་སྨན་ཁང་འདི་ཉིད་ལྗོངས་ཡོངས་ལ་ཕྱོགས་པའི་དེང་རབས་ཅན་གྱི་སྨན་བཅོས་ལྟེ་གནས་ཤིག་ཡིན་པའི་ངོས་ནས་ལྷ་ས་གྲོང་ཁྱེར་དང་དེ་བཞིན་ཉེ་འཁོར་རྫོང་དང་ཤང་གི་གྲོང་མིའི་སྨན་བཅོས་ཞབས་ཞུ་འགན་ལེན་རྨང་གཞིར་བྱ་རྒྱུ་དང་ཆབས་ཅིག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་རྙོག་དྲ་ཆེ་བའི་ནད་གཞིར་སྨན་བཅོས་བྱེད་པའི་དགོས་མཁོ་སྐོང་ཐུབ་པ་བྱ་རྒྱུ་རེད། སྨན་ཁང་དེ་བསྐྲུན་རྗེས་དུས་ཡུན་རིང་པོའི་ནང་ལྷ་སའི་ཁུལ་གྱི་སྨན་བཅོས་ཀྱི་ཐོན་ཁུངས་ཁ་ཐང་བ་དང་ནད་ཁྲི་དཀོན་པའི་དཀའ་གནད་བསལ་ནས་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་གཤམ་སྤེལ་ལ་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་དང་ས་ཁོངས་ཀྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་ཐེབས་ནས་ནད་ཆེན་རང་གྲོང་དུ་བཅོས་ཐུབ་པའི་དམངས་འཚོའི་དམིགས་ཚད་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་རེད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社