2025ལོའི་ཟླ་12པར། ལྷ་ས་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ནས་རྩ་ཁྲིམས་མི་སེམས་ལ་གཏིང་ཟབ་ཟུག་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་པ་གཙོ་དོན་དུ་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར་གྱི་རིམ་སྤེལ་བྱེད་སྒོ་ཏན་ཏིག་སྤེལ་བ་རེད། དེ་ཡང་དྲ་ཐོག་དང་དྲ་ཕྱི་ཟུང་དུ་འབྲེལ་བ་དང་། གཅིག་སྡུད་དང་ཁ་ཐོར་ཟུང་དུ་འབྲེལ་བ། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་དུ་འབྲེལ་བ་བཅས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད་དེ། རྩ་ཁྲིམས་ཀྱི་དགོངས་དོན་གངས་ལྗོངས་ས་མཐོར་རབ་ཏུ་བཞད་པའི་སྐལ་བཟང་མེ་ཏོག་ལྟར་མི་རིགས་ཁག་གི་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་ནང་མཉམ་འདྲེས་ཐུབ་པར་བྱས་ནས་ཁྲིམས་སྐྱོང་གི་ལྷ་ས་དང་མཛེས་སྡུག་ལྡན་པའི་ལྷ་ས་འཛུགས་སྐྲུན་བྱ་ཆེད་ཁྲིམས་སྐྱོང་གི་སྟོབས་ཤུགས་བརྟན་པོ་བསྣན་ཡོད།
མཐོ་ས་ནས་སྤྱི་འདོམས་བཀོད་སྒྲིག་བྱས་ཏེ་བཅའ་ཁྲིམས་ཁྱབ་གདལ་གྱི་ཕན་འབྲས་ཆེ་རུ་བཏང་བ།
ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་རྩ་ཁྲིམས་དྲིལ་བསྒྲགས་བྱ་རྒྱུ་དེ་ཁྲིམས་སྐྱོང་འཛུགས་སྐྱོང་གི་གཙོ་གནད་ལས་འགན་ལ་བརྩིས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སོགས་ལ་སྤྱི་འདོམས་བཀོད་སྒྲིག་བྱས་ཏེ། ཆེད་དོན་ལག་བསྟར་ཇུས་གཞི་བཟོ་བ་དང་འགན་འཁྲིའི་ལས་བགོས་ཁ་གསལ་བཟོས་ནས་ཏང་ཨུད་ཀྱིས་འགོ་ཁྲིད་དང་། མཐུན་སྦྱོར་ཚོགས་ཆུང་གིས་སྤྱི་འདོམས། ཕྱོགས་མང་མཉམ་འགུལ་བཅས་ཀྱི་རྩ་འཛུགས་རྣམ་པ་ཞིག་ཆགས་པར་བྱས་ཡོད། བྱེད་སྒོ་སྤེལ་རིང་། གྲོང་ཁྱེར་ཡོངས་ཀྱི་ལས་ཁུངས་ཐོག་ཁང་དང་། སྡེ་ཁུལ་གྱི་ཐང་ཆེན། སྤྱི་སྤྱོད་རླངས་འཁོར་གྱི་ས་ཚིགས། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། གཞི་རིམ་ཉེན་རྟོག་ཞབས་ཞུའི་ས་ཚིགས་སོགས་དྲིལ་བསྒྲགས་ས་ཚིགས་500ལྷག་ཙམ་ལ་སྐད་གཉིས་གློག་རྡུལ་བརྙན་ཤེལ་དང་། དྲིལ་བསྒྲགས་སྒྲོམ། གཙོ་ཆེའི་དྲ་ཚིགས་སོགས་ཀྱི་གཞི་རྟེན་བརྒྱུད་དེ་རྩ་ཁྲིམས་ཀྱི་ཤེས་བྱ་ཕྱོགས་ཡོངས་ནས་དྲིལ་བསྒྲགས་བྱས་ནས་ཁྲིམས་སྐྱོང་གི་རྣམ་པ་ཟབ་མོ་སྔ་སྣུར་དུ་བཏོད་ཡོད།
ཟླ་12ཚེས་2ཉིན། རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར་རྫོང་རྒྱབ་ཀླུ་ཁང་དུ་དངོས་སུ་སྤེལ་འགོ་ཚུགས་ཤིང་། སྐལ་བཟང་མེ་ཏོག་གི་ཁྲིམས་སྐྱོང་གཞི་རིམ་དུ་སྐྱོད་པའི་རིག་རྩལ་འཁྲབ་སྟོན་དུས་གཅིག་ཏུ་འཁྲབ་སྟོན་བྱས་པ་དང་། རྫོང(ཆུས)ཁག་གིས་མཉམ་འགུལ་ངང་གཅིག་སྡུད་དྲིལ་བསྒྲགས་བྱས་ཡོད། ཕྱི་ཉིན། གྲོང་ཁྱེར་ཡོངས་ཀྱིས་རྩ་ཁྲིམས་ཀྱི་ཆེད་དོན་ཟུར་ཁྲིད་སྙན་ཞུའི་ཚོགས་འདུ་འཚོགས་ནས་ཁྲིམས་ལུགས་རིག་པའི་རིགས་གཅིག་མཁས་ཅན་གདན་དྲངས་ཏེ། ཁྲིམས་སྲོལ་དང་གྱོད་དཔེ་ཟུང་དུ་འབྲེལ་བའི་རྣམ་པའི་ཐོག་ནས་ཁེ་དབང་ལ་འགན་ལེན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་རྩ་ཁྲིམས་ཀྱི་ནུས་པ་གལ་ཆེན་གསལ་འགྲེལ་གཏིང་ཟབ་བྱས་ཡོད། ཟླ་12ཚེས་4ཉིན། ལྷ་ས་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཀྱི་རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར་དང་ལོ་ལྔ་ཚན་བརྒྱད་པའི་ཁྲིམས་ལུགས་ཁྱབ་གདལ་གྲུབ་འབྲས་འགྲེམས་སྟོན་ནང་ཞུགས་ནས་ཁྲིམས་ལུགས་ཁྱབ་གདལ་གྱི་གསར་གཏོད་ལག་ལེན་ཕྱོགས་ཡོངས་ནས་མངོན་པར་བྱས་པ་རེད། རང་གྲོང་གི་ཁྲིམས་སྐྱོང་གི་བརྙན་ཐུང《ལྷ་སའི་ཁྲིམས་ལུགས་སྒྲོག་འགྲེལ་ལས་འགོག་སྲུང་གི་འཛིང་རགས》ཞེས་པར་ལྗོངས་ཡོངས་ཀྱི་རིམ་པ་གཉིས་པའི་བྱ་དགའ་ཐོབ་པ་དང་། སྒྲོག་འགྲེལ་པ་རྩེ་གྲ་རང་སྐྱོང་ལྗོངས་ཀྱི་སྐལ་བཟང་མེ་ཏོག་གི་སྒྲོག་འགྲེལ་པར་བདམས་པ། དཔེ་མཚོན་མང་པོ་ཞིག་ལྗོངས་ཡོངས་ཀྱི་ཕུལ་བྱུང་གི་གྱོད་དཔེའི་ནང་ཚུད་ཡོད། ཉིན་དེར་ཁྲིམས་ལུགས་ལག་ལེན་བསྟར་བ་ཞེས་པའི་གཙོ་དོན་སྒྲོག་འགྲེལ་རྫོང་རྒྱབ་ཀླུ་ཁང་དུ་སྤེལ་བ་དང་། སྒྲོག་འགྲེལ་པ་རྩེ་གྲས་གོ་བདེ་ལ་ཤེས་སླ་བའི་སྐད་ཆའི་ཐོག་ནས་ལས་བྱེད་པ་དང་མང་ཚོགས་300ལྷག་ཙམ་ལ་ཁྲིམས་སྐྱོང་གི་དགོངས་དོན་བརྒྱུད་སྤྲོད་བྱས་པ་རེད། གཞི་རིམ་དུ་སྐྱོད་པའི་བྱེད་སྒོའི་ནང་ཁྲིམས་ལུགས་ཁྱབ་གདལ་དཔུང་ཁག་འདམ་གཞུང་རྫོང་སྟོད་གླིང་གྲོང་ཚོ་དང་སྟོད་ལུང་བདེ་ཆེན་ཆུས་སུ་བསྐྱོད་དེ།དངོས་ཟོག་དང་། རིག་རྩལ། དྲིལ་བསྒྲགས་བཅས་ཟུང་དུ་འབྲེལ་བའི་བྱ་ཐབས་ཀྱི་ཐོག་ནས་རྩ་ཁྲིམས་ཤེས་བྱ་ཞིང་འབྲོག་པའི་འཚོ་བའི་ནང་ཁྱབ་པར་བྱས་ཡོད། དྲ་ཐོག་ཏུ་སྤྲིན་ཚོམ་སློབ་ཁང་དང་། བྱ་དགའ་ཡོད་པའི་དྲི་བ་དྲིས་ལན། ཁྲིམས་ལུགས་ཁྱབ་གདལ་གྱི་བརྙན་ལམ་སློབ་ཚན་བཅས་ལ་མི་ཐེངས་ཁྲི་2ཙམ་ཞུགས་པ་དང་། རིམ་རྩིས་བྱས་ན་དྲི་བར་ལན་བཏབ་ནས་བྱ་དགའ་ཐེངས་ཁྲི་4.4ལྷག་ཙམ་འཐེན་པ། ཁྲིམས་སྐྱོང་གི་ལྷ་སའི་སྤྲིན་ཚོམ་ལས་སྟེགས་ལ་ལྟ་ཚད་མི་ཐེངས་ཁྲི་11ལྷག་ཙམ་ཟིན་ནས་རིག་ལྡན་ཁྲིམས་ལུགས་ཁྱབ་གདལ་གྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
རྩ་ཁྲིམས་ཀྱི་གཤམ་སྤེལ་བདུན་ལ་སྐུལ་འདེད་བཏང་ནས་ཁྱོན་ཡོངས་ལ་ཁྱབ་པར་བྱས་པ།
རང་གྲོང་དུ་སྤེལ་བའི་རྩ་ཁྲིམས་ཞིང་འབྲོག་ཁུལ་སྤེལ་བ་དང་། སྡེ་ཁུལ་སྤེལ་བ། ལས་ཁུངས་སུ་སྤེལ་བ། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དུ་སྤེལ་བ། སློབ་གྲྭར་སྤེལ་བ། ཁེ་ལས་སུ་སྤེལ་བ། དྲ་རྒྱར་སྤེལ་བ་བཅས་ཀྱི་བྱེད་སྒོའི་ཁྲོད་དུ་གྲོང་ཁྱེར་ཞིང་འབྲོག་ཅུས་དང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་སོགས་ཚན་པས་ས་ཆ་བརྒྱུད་བཤུག་དང་འབྱུང་ཁམས་ཁ་གསབ་སོགས་ཀྱི་གླེང་མང་བའི་གནད་དོན་ལ་དམིགས་ནས། ཁྲིམས་སྐྱོང་གི་ལག་རྟགས་སྤྲད་པ་དང་། རྫོང(ཆུས)ཁག་གིས་བྱེད་སྒོ་120ལྷག་ཙམ་སྤེལ་ཡོད། རང་གྲོང་གི་ཁྲོམ་གཞུང་ཁག་གིས་སྡེ་ཁུལ་དུ་བཅའ་ཁྲིམས་ཐེངས་50ལྷག་ཙམ་ཁྱབ་གདལ་དུ་བཏང་ནས་སྤྱི་དམངས་ཀྱི་ཁེ་དབང་དང་། ཁ་བསླུས་ལ་ངོ་རྒོལ། ནར་མ་སོན་པའི་མིའི་སྲུང་སྐྱོང་སོགས་ཀྱི་ནང་དོན་གཙོ་གནད་ཐོག་དྲིལ་བསྒྲགས་བྱས་ཏེ། གཞི་རིམ་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཡོད། གྲོང་ཁྱེར་ཡོངས་ཀྱི་ལས་ཁུངས་ཀྱིས་ཚོགས་འདུ་མ་འཚོག་གོང་བཅའ་ཁྲིམས་སློབ་སྦྱོང་དང་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་བྱེད་སྒོ་སྤེལ་བ་དང་། གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གཤམ་སྤེལ་ལྔའི་བྱེད་སྒོར་བརྟེན་ནས་སློབ་གསོ་བརྒྱབ་སྟེ། གཞུང་ཞབས་མི་སྣས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་འདུ་ཤེས་ཟབ་ཏུ་བཏང་བ་རེད། རང་གྲོང་གི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་དང་དགོན་སྡེ་དོ་དམ་ཨུ་ལྷན་གྱིས་དགོན་སྡེར་བཅའ་ཁྲིམས་ཁྱབ་གདལ་དུ་གཏོང་བའི་བྱེད་སྒོ་སྤེལ་ནས་ཆོས་ལུགས་ལས་རིགས་མི་སྣའི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཟབ་ཏུ་བཏང་ཡོད།
དེ་དང་ཆབས་ཅིག་སློབ་གྲྭ་ཁག་གིས་རྒྱལ་དར་འོག་གི་སྒྲོག་འགྲེལ་དང་། ཞོགས་པའི་རྩ་ཁྲིམས་ཀློག་འདོན། ལད་ཟློས་ཁྲིམས་ར་སོགས་ཀྱི་རྣམ་པ་བརྒྱུད། སློབ་མ་མི་ཐེངས་ཁྲི་8ལྷག་ཙམ་ལ་ཁྱབ་ནས་གཞོན་ནུ་ལོ་ཆུང་གི་རྩ་ཁྲིམས་དད་མོས་བརྟན་དུ་བཏང་ཡོད། གྲོང་ཁྱེར་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་སོགས་སྡེ་ཚན་ཁེ་ལས་སུ་བསྐྱོད་དེ་རྩ་ཁྲིམས་དྲིལ་བསྒྲགས་བྱས་ནས་ཁྲིམས་སྐྱོང་གི་དགོངས་དོན་གཉེར་སྐྱོང་གི་དོ་དམ་ནང་ཁྱབ་རྒྱུར་སྐུལ་འདེད་བཏང་བ་དང་། བཅའ་ཁྲིམས་ཁྱབ་གདལ་ཚན་པ་ཁག་གིས་སྨྱན་སྦྱོར་གསར་པའི་ལས་སྟེགས་སྤྱད་དེ། པར་རིས་དང་དཔྱད་ཡིག་ཆ་འཕྲིན་ཡོངས་བསྒྲགས་དང་ཐད་གཏོང་སྒྲོག་འགྲེལ་བྱས་ཏེ། རྒྱུན་རྣམ་ཅན་གྱི་དྲ་ཐོག་བཅའ་ཁྲིམས་ཁྱབ་གདལ་གྱི་འཐབ་ས་བསྐྲུན་ཡོད།
ད་ཐེངས་ཀྱི་རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོའི་རྣམ་པ་སྣ་ཚོགས་ཤིང་། ཁྱབ་རྒྱ་ཆེ་བ་དང་། ཞུགས་ཚད་མཐོ་བ་བཅས་ཡོད་པས། རྩ་ཁྲིམས་ཀྱི་དགོངས་དོན་མི་སེམས་ལ་གཏིང་ཟབ་འཇགས་རྒྱུར་སྐུལ་འདེད་ཏན་ཏིག་ཐེབས་ཡོད། རྗེས་མར་ལྷ་ས་གྲོང་ཁྱེར་གྱིས་དེ་གོ་སྐབས་སུ་བྱས་ནས། ཁྲིམས་ལུགས་ཁྱབ་གདལ་ལམ་སྲོལ་མུ་མཐུད་དེ་འཐུས་སྒོ་ཚང་དུ་གཏོང་བ་དང་དྲིལ་བསྒྲགས་ཀྱི་རྣམ་པ་གསར་གཏོད་བྱས་ཏེ། ཁྲིམས་སྐྱོང་གི་ལས་དོན་དེ་སྐལ་བཟང་མེ་ཏོག་ལྟར་ས་མཐོར་རྟག་ཏུ་བཞད་ཐུབ་པར་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བར་ཁྲིམས་སྐྱོང་གི་འགན་ལེན་བརྟན་པོ་བྱ་རྒྱུ་རེད། (བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社