ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་12ཚེས་5ཉིན། སྟོད་ལུང་བདེ་ཆེན་ཆུས་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་སྟོད་ལུང་བདེ་ཆེན་ཆུས་འཕྲལ་སྡོམ་དོ་དམ་ཅུས་དང་སྟོད་ལུང་བདེ་ཆེན་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་སོགས་ཚན་པ་མང་པོ་དང་མཉམ་དུ་2025ལོའི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་འཕྲལ་སྡོམ་ནང་སྦྱོང་བྱས་པ་རེད།
ནང་སྦྱོང་བྱེད་སྐབས་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་གནས་ཆུང་སྡེ་ཁུལ་གྱི་ནགས་ས་ཞིག་ཏུ་གློ་བུར་དུ་མེ་ཤོར་བའི་གནས་ཚུལ་ཐད་ལད་མོ་བྱས་པ་དང་། བརྒྱུད་རིམ་ཧྲིལ་པོར་མེ་སྐྱོན་གྱི་ཉེན་ཟོན་སྔོན་བརྡ་དང་། སྒྲིག་ཆས་བཀོལ་སྤྱོད། བཀོད་འདོམས་བཀོད་གཏོང་སོགས་བརྒྱུད་རིམ་ཧྲིལ་པོའི་འཕྲལ་སྡོམ་ཐག་གཅོད་ལྷུ་ཚིགས་སླར་གསོ་བྱས་པ་རེད། ཚན་པ་ཁག་གིས་གཞོགས་འདེགས་དམ་ཟབ་དང་མཉམ་དུ་དམག་འཐབ་བྱས་པ་དེས་གཞི་རིམ་གྱི་ནགས་སྲུང་བའི་ཆེད་ལས་རྩལ་ནུས་ལ་ཕྱོགས་ཡོངས་ནས་ཞིབ་དཔྱད་བྱས་པར་མ་ཟད། ཚན་པ་མང་པོས་མཉམ་འབྲེལ་ཐོག་འཕྲལ་སྡོམ་ཉེན་སེལ་གྱི་མཉམ་ལས་ནུས་པར་སྦྱོང་བརྡར་ནུས་ལྡན་ཐེབས་ནས།ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་དངོས་འཐབ་ཀྱི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
སྟོད་ལུང་བདེ་ཆེན་ཆུས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་བསོད་ནམས་དབང་འདུས་ཀྱིས།ཡུལ་དངོས་སུ་ཚན་པ་ཁག་གིས་གཞོགས་འདེགས་དང་འབྲེལ་མཐུད་ཡག་པོ་བྱས་ཏེ་གཞི་རིམ་གྱི་ནགས་སྲུང་བའི་ཆེད་ལས་ཀྱི་རྩལ་ནུས་དང་དེ་བཞིན་ཚན་པ་མང་པོའི་འཕྲལ་སྡོམ་ཉེན་སེལ་ནུས་པར་ཞིབ་བཤེར་ནུས་ལྡན་བྱས་ཡོད། གཞི་རིམ་གྱི་ནགས་སྲུང་བ་ནི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་གྱི་འགོག་སྲུང་འཛིང་རགས་དང་པོ་ཡིན་པའི་ངོས་ནས་ལུས་པོའི་ནུས་པ་དང་མེ་སྐྱོན་སྔ་ཙམ་ཐག་གཅོད་བྱེད་པའི་ཕན་འབྲས་ལ་འབྲེལ་བ་དམ་ཟབ་ཡོད་མོད། ད་ཐེངས་ཀྱི་ནང་སྦྱོང་ནང་། ནགས་སྲུང་བ་སྒྲིག་ཆས་བཀོལ་སྤྱོད་དང་མེ་སྐྱོན་ཐག་གཅོད་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཞུགས་པས་མེ་ཟོན་ཤེས་བྱ་དང་རྩལ་ནུས་མང་དག་ཅིག་ཁོང་དུ་ཆུད་ཡོད། གནས་ཆུང་ཁྲོམ་གཞུང་སྦྱར་རགས་སྡེ་ཁུལ་གྱི་ནགས་སྲུང་བ་བག་གྲོས།ཐེངས་འདིའི་ནང་སྦྱོང་བརྒྱུད་དེ་ངས་མེ་གསོད་ཡོ་བྱད་སྤྱོད་སྟངས་ཤེས་བྱུང་ལ། མེ་གསོད་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱའང་མི་ཉུང་བ་ཞིག་ཁོང་དུ་ཆུད་བྱུང་། མེ་ཉེན་ལ་སྙིང་རྗེ་མེད་པས་མེ་སྐྱོན་དུས་ཚོད་ཐུང་ངུའི་ནང་མྱུར་དུ་གསོད་དགོས། ཆུ་མི་འདང་བའི་སྐབས་སུ་དེ་མུར་སྒྲིག་ཆས་ཀྱི་སྒོ་རྒྱག་དགོས་པ་སོགས་ཀྱི་ཤེས་བྱ་འདི་དག་ཧ་ཅང་གི་གོ་ཆོད་པོ་འདུག ཕྱིར་ལོག་རྗེས་ངས་ལས་རོགས་དང་ནང་མིར་མཉམ་སྤྱོད་བྱས་ནས་ཚང་མའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས།ཐུན་མོང་ཐོག་མེ་ཟོན་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་བཤད།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社