ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་12ཚེས་7ཉིན། དུས་གཟེར་ཉེར་བཞིའི་ནང་གི་དུས་གཟེར་ཉེར་གཅིག་པ་སྟེ་ཁ་བ་ཆེ་བའི་དུས་ཚིགས་སླེབས་ཡོད། དེའི་ཐོག་ནས་དགུན་ཟླ་འབྲིང་པོའི་དུས་ཚིགས་དངོས་སུ་འགོ་ཚུགས་པ་མཚོན་ཡོད།
ཁ་བ་ཆེ་བའི་དུས་ཚིགས་སུ་མི་རྣམས་ཀྱིས་བཟའ་བཏུང་ལུས་གསོའི་ཐད་དོ་སྣང་གང་འདྲ་བྱེད་དགོས་མིན་ཐད། གྲོང་ཁྱེར་མི་དམངས་སྨན་ཁང་གི་ཀྲུང་ལུགས་གསོ་རིག་ཚན་ཁག་གི་སྨན་པ་ཁང་ལྷ་མོས། དགུན་དུས་སུ་གཙོ་བོ་མཁལ་མ་གསོ་དགོས། ཞོགས་པ་ལངས་མ་ཐག་ཐུག་པ་ཚ་པོ་འཐུང་ཆོག་པ་དང་དགོང་ཟས་ཟ་ཚད་ཉུང་དུ་བཏང་ནས་ཕོ་བ་གསོ་དགོས། ལྷག་པར་དུ་ལུག་ཤའི་ཐུག་པ་དང་། ཆང་འབྲས་ཁ་སུར་དམར་པོའི་ཐུག་པ། བརྒྱད་ཐུག་སོགས་འཐུང་ན་ཧ་ཅང་འཚམ་པོ་ཡོད། བཟའ་བཏུང་ཁྲོད་འོས་འཚམ་གྱིས་ཚ་ཚད་ཇེ་མང་དུ་བཏང་ནས་ལུས་དྲོད་གསོ་བ་གཙོ་བོར་འཛིན་དགོས་པ་དང་། སྤྲི་དཀར་དང་འཚོ་བཅུད་ལྡན་པའི་ཟས་རིགས་ཟ་དགོས། དེ་ལྟར་བྱས་ན་གཟུགས་པོ་བདེ་རུ་འགྲོ་བ་དང་གྲང་སེལ་དྲོད་སྲུང་ལ་སྐུལ་འདེད་ཐུབ་ནས་ནད་འགོག་ནུས་པ་ཇེ་མཐོར་གཏོང་ཐུབ། དུས་མཚུངས་སུ་མཁལ་མར་ཕན་པའི་ཟས་རིགས་ཏིལ་ནག་དང་། འབྲས་ནག མོག་རོ་ནག་པོ། བྱ་དེ་ནག་པོ་སོགས་ཀྱང་མང་ཙམ་ཟ་དགོས། འོན་ཀྱང་ཚྭ་མང་བའི་ཟས་རིགས་ཉུང་ཙམ་ཟ་དགོས་ཞེས་བཤད།
དགུན་དུས་རྔུལ་ཆུ་དོན་ཚད་དང་གཅིན་པ་གཏོང་ཚད་ཉུང་དུ་འགྲོ་ནའང་ཀླད་པ་དང་ལུས་པོའི་དབང་པོ་ཁག་གི་ཕྲ་ཕུང་ལ་སྔར་བཞིན་ཆུའི་འཚོ་བཅུད་མཁོ་བས་ཆུ་མང་ཙམ་འཐུང་དགོས། དགུན་དུས་ཉིན་རེར་ཆུ་ཧའོ་ཧྲེང་2000ནས་3000བར་འཐུང་དགོས། གཞན་ཡང་པོ་ཚལ་དང་། སྤྲེལ་ཁམ། ཚ་ལུ་མ། སྲན་སེར་སོགས་སྐྱུར་འདུས་པའི་ཟས་རིགས་མང་ཙམ་ཟས་ན་ཡིད་མུག་ན་ཚ་འགོག་པར་ཕན་པ་ཆེན་པོ་ལྡན་ཡོད།
ཁང་ལྷ་མོས། ཁ་བ་ཆེ་བའི་དུས་ཚིགས་སུ་ལུས་ཟུངས་གསོ་ཚད་འཚམ་པར་བྱེད་དགོས། གལ་ཏེ་གཟབ་ནན་ཆེ་དྲག་ཚེ་ཟས་བཅུད་ཤོར་སླ་བའི་ཉེན་ཁ་ཡོད། དགུན་དུས་ཁང་པའི་ནང་གི་མཁའ་རླུང་སྦགས་བཙོག་བཟོ་ཚད་དེ་ཁང་པའི་ཕྱི་ལས་ལྡབ་བཅུ་གྲངས་ཀྱིས་ཚབས་ཆེ་བ་ཡོད་པས་རྒྱུན་དུ་སྒོ་དང་སྒེའུ་ཁུང་ཕྱེ་ནས་མཁའ་རླུང་འཁོར་རྒྱུག་ཡག་པོ་ཡོང་བར་བྱེད་དགོས། དེ་དང་ཆབས་ཅིག་ཏུ་མགོ་དང་། སྒལ་པ། རྐང་པ་བཅས་ཀྱི་གྲང་འགོག་དྲོད་སྲུང་ཡག་པོ་བྱེད་དགོས་པ་དང་། ལུས་པོར་སྦྱོང་བརྡར་མང་ཙམ་དང་ཁང་པའི་ནང་གི་མཁའ་རླུང་འཁོར་རྒྱུག་ལ་དོ་སྣང་བྱེད་དགོས། ཉལ་ཁར་ཆུ་ཚ་པོས་རྐང་པ་འཁྲུ་བ་དང་རྐང་མཐིལ་གྱི་གསང་མིག་ལ་འཕུར་མཉེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ན་གྲང་འགོག་དང་། ལུས་དྲོད། ལུས་ཁམས་བདེ་སྲུང་བཅས་ཀྱི་ནུས་པ་ཐོན་ཐུབ་ཅེས་བཤད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社