分享按钮

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུའི་ནང་།

མི་ཐབས་རིག་ནུས་དོ་དམ་གྱི་ཁྱད་པར་གྱིས་རྒྱལ་ཁབ་དབར་གྱི་འདྲ་མཉམ་མིན་པའི་སྣང་ཚུལ་ཆེ་རུ་འགྲོ་སྲིད་ཅེས་བསྟན་པ།

ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་12ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའུ་ཡིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁོངས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་འབྲེལ་ཡོད་མི་ཐབས་རིག་ནུས་ཀྱི་སྙན་ཞུ་ཞིག་གི་ནང་། རྒྱལ་ཁབ་ཁག་གི་འཕེལ་རྒྱས་ཀྱི་རྨང་གཞི་མི་འདྲ་བའི་དབང་གིས་མི་ཐབས་རིག་ནུས་ལ་དོ་དམ་ནུས་ལྡན་མ་ཐུབ་ཚེ། རྒྱལ་ཁབ་ཁག་དབར་གྱི་ཁྱད་པར་ཆེ་རུ་ཕྱིན་ནས་རྒྱལ་ཁབ་དབར་གྱི་འདྲ་མཉམ་མེད་པའི་གནས་ཚུལ་ཚབས་ཆེ་རུ་འགྲོ་སྲིད་ཅེས་བསྟན་ཡོད།

སྙན་ཞུ་དེའི་ནང་། མི་ཐབས་རིག་ནུས་ཀྱིས་འཕེལ་རྒྱས་ཐད་ཐབས་ལམ་གསར་པ་བཏོད་ཡོད་མོད། འོན་ཀྱང་། རྒྱལ་ཁབ་ཁག་གི་འགོ་འཛུགས་ཆ་རྐྱེན་ཐད་ཁྱད་པར་ཆེན་པོ་ཡོད་པས། ཁོང་ཚོས་གོ་སྐབས་ལ་དམ་འཛིན་དང་ཉེན་ཁར་དོ་དམ་བྱེད་སྐབས་གནས་བབ་གཏན་ནས་འདྲ་ཡི་མེད། གལ་ཏེ་སྲིད་ཇུས་ཀྱི་ཐེ་ཇུས་ནུས་ལྡན་མེད་ན། ཁྱད་པར་དེ་དག་རྒྱུན་མཐུད་ངང་ཆེ་རུ་འགྲོ་སྲིད་པ་དང་། དེ་ནས་དུས་ཡུན་རིང་པོའི་འཕེལ་རྒྱས་ཀྱི་ཁྱད་པར་རིམ་བཞིན་ཆུང་དུ་འགྲོ་བའི་འཕེལ་ཕྱོགས་ལྡོག་སྲིད་ཅེས་བསྟན་ཡོད།

སྙན་ཞུའི་ནང་། འདས་ཟིན་པའི་དུས་རབས་ཕྱེད་ཀ་ལྷག་ཙམ་ནང་། ཡོང་འབབ་དམའ་བའི་རྒྱལ་ཁབ་མང་པོ་ཞིག་གི་ལག་རྩལ་དང་། ཚོང་དོན། འཕེལ་རྒྱས་སོགས་ཀྱི་ཐད་ཡར་རྒྱས་ཆེན་པོ་བྱུང་བས། ཡོང་འབབ་མཐོ་བའི་རྒྱལ་ཁབ་དབར་གྱི་ཁྱད་པར་རིམ་བཞིན་ཆུང་དུ་ཕྱིན་ཡོད། འོན་ཀྱང་། གཟབ་ནན་དང་ཁོང་ཡངས་ཀྱི་སྲིད་ཇུས་ཀྱི་གདམ་ག་མེད་ཚེ། མི་ཐབས་རིག་ནུས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་དག་མེད་པར་གཏོང་སྲིད་ཅེས་བསྟན་ཡོད།

སྙན་ཞུའི་ནང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་ལ་གོ་ལ་ཧྲིལ་པོའི་མི་འབོར་བརྒྱ་ཆ་55ཡན་ཡོད་པས། མི་ཐབས་རིག་ནུས་ཕྱོགས་སྒྱུར་གྱི་ལྟེ་བའི་ཁུལ་ཞིག་ཡིན། ས་ཁུལ་དེར་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་སྤྱོད་མཁན་ཕྱེད་ཀ་ལྷག་ཙམ་གཅིག་སྡུད་བྱས་ཡོད་པས། གསར་གཏོད་ཀྱི་འཕེལ་ཕྱོགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། འོན་ཀྱང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་རྒྱལ་ཁབ་ཁག་གི་གྲངས་འཛིན་ཅན་གྱི་འཕེལ་རྒྱས་ཀྱི་ཆུ་ཚད་ཐད་ཁྱད་པར་མངོན་གསལ་དོད་པོ་ཡོད། གྲངས་འཛིན་ཅན་གྱི་ནུས་པ་འཛུགས་སྐྱོང་ལ་ཤུཊ་སྣོན་རྒྱག་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་ཞིང་། དེ་རྒྱལ་ཁབ་ཁག་གིས་མི་ཐབས་རིག་ནུས་ལས་བྱུང་བའི་འཕེལ་རྒྱས་ཀྱི་གོ་སྐབས་ཁྲོད་ནས་ཡོངས་ཁྱབ་ངང་ཕན་པ་ཐོབ་མིན་དང་འབྲེལ་བ་ཡོད་ཅེས་བསྟན་ཡོད།

སྙན་ཞུའི་ནང་། རྨང་གཞིའི་སྒྲིག་བཀོད་ཞན་པ་དང་། ཆེད་ལས་ཤེས་ལྡན་པ་དཀོན་པ། རྩིས་རྒྱག་ནུས་པ་ཞན་པ་བཅས་དང་། དེ་བཞིན་བཅོས་སྐྱོང་ནུས་པ་ཞན་པ་སོགས་ཀྱི་རྒྱུ་རྐྱེན་གྱིས་མི་ཐབས་རིག་ནུས་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱ་རྒྱུར་ཚོད་འཛིན་ཐེབས་པར་མ་ཟད། ལས་ཞུགས་ལས་གནས་ཤོར་བ་དང་དེ་བཞིན་ཟད་གྲོན་ཆེ་བའི་མི་ཐབས་རིག་ནུས་མ་ལག་གིས་གོ་ལ་ཧྲིལ་པོའི་ནུས་རྒྱུ་དང་ཆུའི་ཐོན་ཁུངས་ཀྱི་དགོས་མཁོ་ཆེ་རུ་འགྲོ་བ་སོགས་གཞན་བརྒྱུད་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་འགྲོ་སྲིད་པའི་ངོས་འཛིན་བྱས་ཡོད།

སྙན་ཞུའི་ནང་། གོ་སྐབས་ཀྱི་ངོས་ནས་བརྗོད་ན། མི་ཐབས་རིག་ནུས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་བཅོས་སྐྱོང་བྱེད་སྟངས་དང་སྤྱི་པའི་ཞབས་ཞུར་འགྱུར་ལྡོག་གཏིང་ཟབ་གཏོང་བཞིན་ཡོད། འོན་ཀྱང་། མི་ཐབས་རིག་ནུས་ཀྱི་ལྟ་སྐུལ་དོ་དམ་ཁྲིམས་སྲོལ་ཕྱོགས་ཡོངས་ནས་བཟོ་མཁན་རྒྱལ་ཁབ་སྔར་བཞིན་ཉུང་ཉུང་ཡིན་ཞིང་། དེའི་ཐོག་ནས་སྟོབས་ཆེར་གཏོང་བའི་བཅོས་སྐྱོང་སྒྲོམ་གཞི་འཛུགས་པའི་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་མངོན་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་རོགས་དྲུང་ཆེ་དང་གསར་སྤེལ་འཆར་གཞི་ཧྲུའུ་ཡི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁོངས་ཅུས་ཀྱི་ཅུས་ཀྲང་ཁན་ཉི་ཝུའེ་ཀེ་ན་ལ་ཅ་ཡིས། མི་ཐབས་རིག་ནུས་མགྱོགས་མྱུར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། རྒྱལ་ཁབ་མང་པོ་ཞིག་སྔར་བཞིན་རྒྱུག་ཤར་གློད་མཚམས་སུ་ལུས་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་ཉམས་མྱོང་ལས་མི་ཐབས་རིག་ནུས་ཀྱི་སྣེ་ཁྲིད་པ་དང་གཞན་དབང་འཕྲོད་བསྟུན་པའི་དབར་གྱི་ཁྱད་པར་དེ་ཧང་སངས་དགོས་པའི་མྱུར་ཚད་ཐོག་ནས་ཆེ་རུ་འགྲོ་སྲིད་པ་མངོན་ཡོད་ཅེས་བཤད། (བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-07 མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུའི་ནང་། 6 6 拉萨日报藏文 c213266.html 1 མི་ཐབས་རིག་ནུས་དོ་དམ་གྱི་ཁྱད་པར་གྱིས་རྒྱལ་ཁབ་དབར་གྱི་འདྲ་མཉམ་མིན་པའི་སྣང་ཚུལ་ཆེ་རུ་འགྲོ་སྲིད་ཅེས་བསྟན་པ། /enpproperty-->