ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། དོག་སྡེ་ཁྲོམ་གཞུང་གསང་ཡིབ་སྡེ་ཁུལ་གྱིས་ལས་ཞུགས་གསར་པའི་ཚོགས་སྤྱིར་དྲོ་སྐྱིད་སྦྱིན་པའི་ཞབས་ཞུའི་བྱེད་སྒོ་ཞིབ་ཚགས་སྤེལ་ནས་མངགས་སྐྱེལ་བར་གྲང་འགོག་གི་སྲུང་ཡོལ་བརྟན་པོ་ཞིག་བསྐྲུན་པ་རེད།
ཉིན་དེར་སྤུ་གུས་དྲིལ་བསྒྲགས་ཟ་ཁང་ནང་དྲོ་སྐྱིད་ལྡན་པ་དང་། སྡེ་ཁུལ་གྱི་ལས་དོན་མི་སྣས་སྔ་ས་ནས་ལུག་ཤའི་ཐུག་པ་དང་དྲི་ཞིམ་འཐུལ་བའི་ཇ་མངར་མོ་གྲ་སྒྲིག་བྱས་ཡོད།
མངགས་སྐྱེལ་བ་30ལྷག་ཙམ་གཅིག་རྗེས་གཉིས་མཐུད་ངང་དེ་གར་སླེབས་པ་དང་ཚ་རླངས་འཕྱུར་བའི་ཟ་མ་སྒྲོག་ཙེའི་ཐོག་བསྒྲིགས་པས་ངལ་དུབ་དང་གྲང་ངར་རིམ་བཞིན་ཡལ། དྲོ་སྐྱིད་ལྡན་པའི་བཟའ་བཏུང་ཕུད་སྡེ་ཁུལ་གྱིས་ད་དུང་ཚང་མར་དྲོད་སྲུང་པུས་ཤུབ་དང་། ལག་ཤུབ། ཞྭ་མོ། སྐེ་དཀྲིས་སོགས་གྲང་འགོག་དངོས་རྫས་སྤྲད་པར་མ་ཟད། དགུན་དུས་གློག་སྒུལ་སྦག་སྦག་བཞོན་སྐབས་དྲོད་སྲུང་དང་བདེ་འཇགས་ཨང་དང་པོར་འཇོག་དགོས་པའི་མངགས་བཅོལ་ཞིབ་ཚགས་བྱས་པ་རེད།
དེ་དང་ཆབས་ཅིག་ཞབས་ཞུ་སྔར་ལས་ལྷག་པའི་སྒོ་ནས་ལས་ཞུགས་གསར་པའི་ཚོགས་སྤྱིའི་དགོས་མཁོ་གསར་པ་དང་དངོས་འབྲེལ་འཚམ་པར་བྱ་ཆེད། སྡེ་ཁུལ་གྱིས་བྱེད་སྒོ་སྤེལ་ཡུལ་དུ་ད་དུང་དགོས་མཁོའི་བསམ་ཚུལ་ཤོད་ས་ཞེས་པ་ཆེད་མངགས་བཙུགས་ཡོད། ལས་དོན་མི་སྣ་དང་མངགས་སྐྱེལ་བ་ཚོ་མཉམ་དུ་བཞུགས་ནས་ཁྱིམ་མི་ལྟར་ཅི་འཕྲོས་མོལ་འཕྲོས་བྱེད་པ་དང་དགོས་མཁོའི་སྐོར་གླེང་བ་དང་། ཚང་མས་དོ་ཁུར་བྱེད་པའི་གློག་གསོག་སྒྲིག་བཀོད་བཀོད་སྒྲིག་དང་། ངལ་གསོའི་ཁོར་ཡུག ཞབས་ཞུའི་དུས་ཚོད་ལེགས་སྒྲིག་བྱ་རྒྱུ་སོགས་དོན་དངོས་ཀྱི་གནད་དོན་ལ་དམིགས་ནས་བགྲོས་བསྡུར་གཏིང་ཟབ་བཅས་བྱས་པ་རེད། ཡུལ་དངོས་ཀྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་ཅིང་། མངགས་སྐྱེལ་བ་ཚོས་སེམས་གཏིང་ནས་གྲོས་འགོ་བཏོན་པ་དང་། ལས་དོན་མི་སྣས་བསམ་འཆར་དང་གྲོས་འགོ་ཚང་མ་ཐོ་འགོད་ནན་ཏན་བྱས་ཏེ། ཡུལ་དངོས་ནས་གློག་གསོག་སྒྲིག་བཀོད་དང་། ངལ་གསོའི་ཁོར་ཡུག ཞབས་ཞུའི་དུས་ཚོད་སོགས་དང་འབྲེལ་བ་ཡོད་པའི་བསམ་འཆར་དང་གྲོས་འགོ་28བསྡུ་ལེན་བྱས་པ་རེད།
མངགས་སྐྱེལ་བ་མཱ་ཅེ་ཡིས་ཇ་ཚ་པོ་འཐུང་རྒྱུ་ཡོད་པ་དང་གྲང་འགོག་པུས་ཤུབས་དང་ལག་ཤུབས་ཡོད་པས་ལུས་སེམས་གཉིས་ཀ་དྲོ་སྐྱིད་ལྡན་པར་མ་ཟད། ད་དུང་ལས་དོན་མི་སྣས་ང་ཚོའི་རེ་ཞུ་དང་བསམ་འཆར་ལ་ནན་ཏན་ངང་ཉན་གྱི་ཡོད་པས་ཞབས་ཞུ་འདི་ལྟ་བུས་ང་ཚོར་ཕན་ཐོགས་ཆེན་པོ་འབྱུང་སྲིད་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། གསང་ཡིབ་སྡེ་ཁུལ་གྱིས་ད་ཐེངས་ཀྱི་བྱེད་སྒོ་དེ་འགོ་འཛུགས་སར་བྱས་ཏེ་བསྡུ་རུབ་བྱས་པའི་གྲོས་འགོར་བརྒྱུད་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་བྱས་ནས་དགོས་མཁོ་དང་། ལས་འགན། ལན་སྤྲོད་བཅས་གདུབ་ཟུམ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཛུགས་རྒྱུ་དང་འབྲེལ་སྒྲིག་བཀོད་ལེགས་སུ་གཏོང་བ་དང་། ཞབས་ཞུའི་དུས་ཡུན་རིང་དུ་གཏོང་བ། ཐེ་ཞུགས་ཐབས་ལམ་རྒྱ་སྐྱེད་གཏོང་བ་སོགས་ཞིབ་ཕྲའི་བྱེད་ཐབས་བརྒྱུད་དེ་ལས་ཞུགས་གསར་པའི་ཚོགས་སྤྱིར་ཞབས་འདེགས་ཞུ་བའི་མ་ལག་མུ་མཐུད་འཐུས་ཚང་དུ་གཏོང་རྒྱུ་དང་། མངགས་སྐྱེལ་བའི་རེ་འབོད་དེ་ཞབས་ཞུའི་ཕན་འབྲས་དངོས་ལ་བསྒྱུར་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དེ་ལས་ཞུགས་གསར་པའི་ཚོགས་སྤྱིར་འབུལ་རྒྱུ་དང་། ཞབས་ཞུའི་ཕན་པ་ཐོབ་མཁན་ནས་བཅོས་སྐྱོང་ནང་ཐེ་ཞུགས་བྱེད་མཁན་ཞིག་ཏུ་འགྱུར་བར་སྐུལ་འདེད་བཏང་ཐོག་ལག་གདང་སྦྲེལ་ནས་དྲོ་སྐྱིད་དང་གསོན་ཤུགས་ལྡན་པའི་སྡེ་ཁུལ་གྱི་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད་རྒྱུ་རེད། (བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社