ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས་ཁོངས་གཏོགས་ཁུལ་ཁག་གི་རུ་ཆེན་སྒྲིག་འཛུགས་བྱས་ཏེ་ཡུན་རིང་བདག་མེད་དུ་བཞག་པའི་རླངས་འཁོར་ལ་དུས་གཅིག་ཏུ་གཙང་བཤེར་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་བ་དང་། དབོར་སྐྱེལ་ཐག་གཅོད་དང་། དུས་བཀག་ལྟར་དག་ཐེར། སྡེ་ཚན་མང་པོ་མཉམ་འགུལ་སོགས་ཀྱི་བྱ་ཐབས་སྤྱད་དེ་དམངས་ལ་ཕན་པའི་འགྲོ་ལམ་གྱི་དཀའ་གནད་ཐག་གཅོད་ནུས་ལྡན་བྱས་པ་རེད།
བྱ་སྤྱོད་སྤེལ་རིང་། གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གི་རུ་ཆེན་ཁག་གིས་ཡུལ་བབ་དང་བསྟུན་ནས་ཐབས་ཇུས་གནད་སྨིན་སྤྱད་པ་རེད། གྲོང་བྱང་རུ་ཆེན་གྱིས་གྲལ་བཤེར་ཐུབ་པའི་རླངས་འཁོར་ལ་རིགས་དབྱེ་ནས་ཐག་གཅོད་བྱེད་པའི་ཐབས་ཤེས་སྤྱད་པ་སྟེ། འབྲེལ་བ་བྱེད་ཐུབ་པའི་འཁོར་བདག་རྣམས་ལ་ཡུལ་དངོས་སུ་ཁ་པར་བརྒྱབ་ནས་རླངས་འཁོར་སྤོ་དགོས་པའི་བརྡ་ཐོ་བཏང་བ་དང་འབྲེལ་ཚད་ལྡན་ངང་རླངས་འཁོར་འཇོག་པའི་བླང་བྱ་སྒྲོག་འགྲེལ་བྱས་པ། ཁྲོམ་གཞུང་རྒྱུད་ཀྱི་ཚོང་དུད་ཡིན་པའི་འཁོར་རིགས་ལ་ཡུལ་དངོས་སུ་དུས་བཀག་ནང་བཅོས་སྒྲིག་བྱ་རྒྱུའི་བརྡ་ཐོ་བཏང་བ། འཁོར་བདག་དང་འབྲེལ་གཏུགས་བྱེད་ཐབས་བྲལ་བའི་འཁོར་རིགས་དག་སྡེ་ཁུལ་དང་མཉམ་འབྲེལ་བྱས་ནས་དམིགས་འཛུགས་རླངས་འཁོར་འཇོག་སར་བསྐྱལ་བ་རེད། གྲོང་ནུབ་རུ་ཆེན་གྱིས་ཆེད་དོན་ལས་དོན་ཚོགས་ཆུང་མགྱོགས་མྱུར་བཙུགས་ཏེ་གྲོང་ཁྱེར་དོ་དམ་དང་། ཁྲོམ་གཞུང་། སྡེ་ཁུལ་སོགས་ཕྱོགས་མང་པོའི་སྟོབས་ཤུགས་དང་མཉམ་འབྲེལ་ཐོག་མཐུན་སྦྱོར་ལམ་སྲོལ་བཙུགས་ནས་གཙོ་གནད་ས་ཁོངས་སུ་ལེབ་བཤེར་རྣམ་པའི་གྲལ་བཤེར་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ལག་རུ་ཁག་དེས་གཙང་བཤེར་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་ནས་རྒྱུན་རྣམ་ཅན་གྱི་བཅོས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གནད་དོན་བསྐྱར་ལོག་སྔོན་འགོག་མཐའ་གཅིག་ཏུ་བྱས་ནས་དེ་བས་ཤར་གཏོང་དང་། གཙང་སྦྲ་དོད་པ། བདེ་འཇགས་ལྡན་པ་བཅས་ཀྱི་འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བཏོད་པ་རེད། འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་དུས་མཚུངས་སུ་རྒྱ་ཆེའི་གྲོང་མི་ཚོར་གལ་ཏེ་གཙང་བཤེར་བྱ་དགོས་པའི་རླངས་འཁོར་ཡོད་པ་ཤེས་ཚེ་དུས་ཐོག་ཏུ་འགྲིམ་འགྲུལ་ཉེན་རྟོག་པའམ་ཡང་ན་སྡེ་ཁུལ་ལ་སྙན་སེང་ཞུས་ནས་ཐུན་མོང་ཐོག་གྲོང་ཁྱེར་གྱི་འགྲིམ་འགྲུལ་ཁོར་ཡུག་གི་བཅོས་སྒྲིག་ནང་ཞུགས་དགོས་པའི་འབོད་སྐུལ་བྱས་པ་རེད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社