分享按钮

སྐབས་དང་པོའི་བོད་ལྗོངས་ཀྱི་དབང་སྐྱོན་མི་སྣའི་ལས་གཏོད་ཐོན་རྫས་འོས་སྦྱོར་ཚོགས་འདུ་དང་བགྲོ་གླེང་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། དབང་སྐྱོན་དང་བདེ་ཐང་མཉམ་དུ་གནས་ཞེས་པ་སྟེ་བོད་ལྗོངས་ཀྱི་དབང་སྐྱོན་གྱི་ཕུགས་འདུན་གཏོད་ཅེས་པ་གཙོ་དོན་དུ་བྱས་པའི་སྐབས་དང་པོའི་བོད་ལྗོངས་ཀྱི་དབང་སྐྱོན་མི་སྣའི་ལས་གཏོད་ཐོན་རྫས་འོས་སྦྱོར་ཚོགས་འདུ་དང་བགྲོ་གླེང་ཚོགས་འདུ་བོད་ལྗོངས་དབང་སྐྱོན་ལས་ཞུགས་ལས་གཏོད་གླིང་དུ་འཚོགས་པ་རེད། ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི་སྲིད་གཞུང་དང་། རིགས་པའི་གཞུང་ལུགས་ཞིབ་འཇུག་གི་ལས་ཁུངས། ཐོན་རྫས་ཕྱིར་འཚོང་བྱེད་མཁན་སོགས་དབང་སྐྱོན་གྱི་ལག་ཤེས་བཟོ་རྩལ་པའི་དབར་གྱི་ནུས་ཆེའི་གླེང་མོལ་ལས་སྟེགས་བཏོད་དེ་ལག་ཤེས་བཟོ་རྩལ་ཐོན་རྫས་ཁྲོམ་ར་ཅན་དང་སྤུས་རྟགས་ཅན་གྱི་འཕེལ་རྒྱས་ཐབས་ལམ་ལ་མཉམ་དུ་འཚོལ་ཞིབ་བྱ་རྒྱུ་དེ་རེད།

ཚོགས་ཞུགས་འཐུས་མིའི་གྲས་སུ་རིགས་པའི་གཞུང་ལུགས་ཞིབ་འཇུག་གི་རིགས་གཅིག་མཁས་ཅན་དང་། ཁྲོམ་རའི་ཕྱིར་འཚོང་ཕྱོགས་ཀྱི་འཐུས་མི། དེ་བཞིན་དབང་སྐྱོན་གྱི་ལག་ཤེས་བཟོ་རྩལ་པ་དང་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་མང་པོ་ཚུད་ཡོད་པ་རེད། ཚང་མས་དབང་སྐྱོན་གྱི་ལག་ཤེས་བཟོ་རྩལ་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ཕྱིར་འཚོང་ཞེས་པའི་གཙོ་དོན་ལ་དམིགས་ནས་ཡུལ་དངོས་ཀྱི་འགྲེམས་སྟོན་དང་བགྲོ་གླེང་སྤེལ་རེས་བྱས་པ་བརྒྱུད་མིག་སྔའི་ཐོན་རྫས་ཀྱི་གསར་གཏོད་ཇུས་འགོད་དང་། ཁྲོམ་རའི་ངེས་གནས། ཕྱིར་འཚོང་གི་ཐབས་ལམ་བཅས་ཀྱི་ཁྲོད་ལྷག་པའི་གནད་དོན་ལ་དབྱེ་ཞིབ་བྱས་པ་དང་འབྲེལ་ལག་ལེན་བསྟར་འཐུས་ཀྱི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་ཀྱང་བྱས་པ་རེད།

བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་སློབ་གསོ་དྲག་སྐྱེད་པུའི་རྣམ་གྲངས་ཀྱི་འགན་འཁུར་བ་བསོད་ནམས་གཡང་འཛོམས་ཀྱིས་རང་སྐྱོང་ལྗོངས་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྐབས་དང་པོའི་དབང་སྐྱོན་གྱི་ལས་ཞུགས་ལས་གཏོད་ཐོན་རྫས་འོས་སྦྱོར་ཚོགས་འདུ་འཚོགས་པའི་དམིགས་ཡུལ་གཙོ་བོ་ནི་མིག་སྔའི་ལྗོངས་ཡོངས་ཀྱི་དབང་སྐྱོན་གྱི་ལས་ཞུགས་ལས་གཏོད་ཐོན་རྫས་ཕྱིར་འཚོང་གི་ཐབས་ལམ་ཡག་པོ་མེད་པའི་གནད་དོན་ལ་དམིགས་ནས་དབང་སྐྱོན་ལ་ལས་ཞུགས་ལས་གཏོད་ཀྱི་བསམ་ཕྱོགས་རྒྱ་ཆེར་གཏོང་བ་དང་འགྲེམས་སྟོན་དང་སྦྲེལ་མཐུད་ཀྱི་ལས་སྟེགས་གཏོད་རྒྱུ་དེ་རེད། བྱེད་སྒོ་དེ་སྲིད་གཞུང་དང་། ཁེ་ལས། དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་བཅས་མཐུན་སྦྱོར་ངང་ཞུགས་པ་དང་འབྲེལ་མཐུད་ནུས་ལྡན་བྱས་ཏེ་དབང་སྐྱོན་གྱི་ཐོན་རྫས་ཁྲོམ་རར་བྲིན་ཚད་སྔར་བས་ཆེ་རུ་བཏང་ནས་དེའི་རྗེས་མཐུད་ཀྱི་ལས་ཞུགས་ལས་གཏོད་ལས་དོན་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། འབྱུང་འགྱུར་ང་ཚོས་དྲ་ཐོག་དང་དྲ་ཕྱིའི་བྲིན་འཚོང་གི་ཐབས་ལམ་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་དབང་སྐྱོན་གྱི་ལས་ཞུགས་ལས་གཏོད་ཐོན་རྫས་དེ་བས་རྒྱ་ཆེ་བའི་སྒོ་ནས་ཁྱབ་གདལ་དང་བྲིན་འཚོང་གི་ལས་སྟེགས་བཏོད་དེ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱ་རྒྱུ་ཡིན་ཞེས་བཤད།

བྱེད་སྒོ་སྤེལ་ཡུལ་དུ། དབང་སྐྱོན་གྱི་ལག་ཤེས་བཟོ་རྩལ་པས་ལག་ཤེས་བཟོ་རྩལ་ཐོན་རྫས་དང་རིག་གནས་གསར་གཏོད་ཐོན་རྫས་སོགས་སྣ་ཁ་མང་བའི་སྤུས་ལེགས་ལག་ཤེས་བཟོ་རྩལ་ཐོན་རྫས་འགྲེམས་སྟོན་བྱས་ཤིང་། དེའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ནང་དོན་དང་རྩེར་སོན་གྱི་ལག་རྩལ་ལ་ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་ཕྱིར་འཚོང་ཕྱོགས་ཀྱི་ཚད་མཐོའི་གདེང་འཇོག་ཐོབ་པ་རེད། ཞིབ་བསྡུར་ལྷུ་ཚིགས་ཀྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་ཅིང་། ཕྱོགས་ཁག་གི་འཐུས་མིས་ཇི་ལྟར་བྱས་ནས་སྲོལ་རྒྱུན་གྱི་ལག་རྩལ་དང་དེང་རབས་ཀྱི་མཛེས་དཔྱོད་ཟུང་འབྲེལ་དང་། ཇི་ལྟར་བྱས་ནས་དྲ་ཐོག་དང་དྲ་ཕྱིའི་ཕྱིར་ཚོང་གི་ཐབས་ལམ་རྒྱ་ཆེར་གཏོང་བ། ཇི་ལྟར་བྱས་ནས་ཤུགས་རྐྱེན་ལྡན་པའི་དབང་སྐྱོན་གྱི་ལག་ཤེས་བཟོ་རྩལ་གྱི་སྤུས་རྟགས་གཏོད་པ་སོགས་ཀྱི་གྲོས་གཞིར་དངོས་སྒྲུབ་དང་ལག་ལེན་རང་བཞིན་ལྡན་པའི་གྲོས་བསྡུར་བྱས་པ་རེད།

དིང་རི་རྫོང་སྒང་དཀར་གྲོང་རྡལ་གྱི་དབང་སྐྱོན་མི་རིགས་ལག་ཤེས་བཟོ་ལས་མཉམ་ལས་ཁང་གི་འགན་འཁུར་བ་བསྟན་འཛིན་དངོས་གྲུབ་ཀྱིས་ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུར་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ས་ཁུལ་དང་གྲོང་ཁྱེར་ཁག་གི་དབང་སྐྱོན་གྱི་ལས་གཏོད་རོགས་ཟླ་དང་སྤེལ་རེས་གཏིང་ཟབ་བྱས་རྗེས་ང་རང་ཉིད་ཀྱི་ལས་གཏོད་རྣམ་གྲངས་ཡག་པོ་སྒྲུབ་པའི་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་པར་མ་ཟད། ད་དུང་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་པ་ཡང་མང་པོ་རྙེད་བྱུང་། བྱེད་སྒོའི་ཁྲོད་འབྲེལ་ཡོད་ཚན་པ་དང་སྡེ་ཚན་གྱིས་ང་ཚོའི་ཐོན་རྫས་ལ་དྲ་ཐོག་ནས་འགྲེམས་སྟོན་བྱེད་པའི་གོ་སྐབས་མཁོ་འདོན་བྱས་ཏེ་ཐོན་རྫས་དེ་བས་རྒྱ་ཆེ་བའི་གར་སྟེགས་ཐོག་བསྐྱོད་རྒྱུར་རམ་འདེགས་བྱ་རྒྱུ་ཁ་གསལ་བཏོན་ཡོད། ང་ཚོའི་ངོས་ནས་བརྗོད་ན། ཐོན་རྫས་ཀྱི་འཕེལ་རྒྱས་ཐབས་ལམ་ཞིག་མང་དུ་ཕྱིན་ཚེ། དབང་སྐྱོན་གྱི་ལས་གཏོད་ལམ་བུར་དོ་ཁུར་དང་རྒྱབ་སྐྱོར་དེ་བས་མང་བ་ཐོབ་རྒྱུ་ཡིན་པ་དེས་འབྱུང་འགྱུར་གྱི་ལས་གཏོད་རྒྱང་ལམ་ཐོག་ང་ལ་གདེང་ཚོད་དེ་བས་ཆེ་བ་ཡོང་རྒྱུ་རེད་ཅེས་བཤད།

ད་ཐེངས་ཀྱི་འོས་སྦྱོར་དང་བགྲོ་གླེང་ཚོགས་འདུའི་ཐོག་གནད་སྨིན་ངང་ཞུགས་མཁན་བདམས་ནས་དབང་སྐྱོན་གྱི་ལས་ཞུགས་ལས་གཏོད་གླིང་གི་གཅིག་སྡུད་ལས་སྟེགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ།དབང་སྐྱོན་གྱི་ལས་ཞུགས་ལས་གཏོད་པར་རྩ་ཆེའི་ཐོན་ཁུངས་འབྲེལ་མཐུད་ཀྱི་གོ་སྐབས་མཁོ་འདོན་བྱས་པར་མ་ཟད། ཁོང་ཚོའི་ཁྲོམ་རར་ཁ་གཏད་གཅོག་པའི་ནུས་པའང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། བྱེད་སྒོ་སྤེལ་བ་དེའི་ཐོག་ནས་བོད་ཀྱིས་དབང་སྐྱོན་གྱི་ལས་ཞུགས་ལས་གཏོད་ལ་རྒྱབ་སྐྱོར་བྱེད་སྟངས་འཚོལ་ཞིབ་བྱེད་པའི་ཐད་གོམ་སྟབས་བརྟན་པོ་ཞིག་སྤོས་པ་མཚོན་ཞིང་། རང་ལྗོངས་ཀྱི་དབང་སྐྱོན་གྱི་ལག་ཤེས་བཟོ་རྩལ་ཐོན་རྫས་དེ་བས་རྒྱ་ཆེ་བའི་ཁྲོམ་རའི་ཐོག་བསྐྱོད་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་། དེར་དགོས་ངེས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་གྱི་རིན་ཐང་ལ་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-06 6 6 拉萨日报藏文 c213249.html 1 སྐབས་དང་པོའི་བོད་ལྗོངས་ཀྱི་དབང་སྐྱོན་མི་སྣའི་ལས་གཏོད་ཐོན་རྫས་འོས་སྦྱོར་ཚོགས་འདུ་དང་བགྲོ་གླེང་ཚོགས་འདུ་འཚོགས་པ། /enpproperty-->