ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་12ཚེས་4ཉིན་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་བཅུ་གཉིས་པ་ཡིན་ཞིང་། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་གཙོ་གཉེར་བྱས་པ་དང་། ལྷ་ས་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་དང་མལ་གྲོ་གུང་དཀར་རྫོང་མི་དམངས་སྲིད་གཞུང་གིས་རམ་འདེགས་བྱས་པའི་རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་བཏང་ནས་གྲོང་གསེབ་དར་རྒྱས་གཏོང་བར་རམ་འདེགས་བྱེད་ཅེས་པ་གཙོ་དོན་དུ་བྱས་ནས་ཞིང་འབྲོག་ཁུལ་དུ་རྩ་ཁྲིམས་ཁྱབ་གདལ་གཏོང་བའི་བྱེད་སྒོ་མལ་གྲོ་གུང་དཀར་རྫོང་དུ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ། བོད་རྒྱ་ཡིག་རིགས་གཉིས་ཀྱི་ཁྲིམས་ལུགས་ཁྱབ་གདལ་གྱི་འགྲེམས་པང་གྲལ་སྟར་འགྲིག་པོས་བསྒྲིགས་ཡོད། 《རྩ་ཁྲིམས》དང་། 《དམངས་དོན་ཁྲིམས་གཞུང》 《གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་བཅའ་ཁྲིམས》 《མཚོ་བོད་ས་མཐོའི་འབྱུང་ཁམས་སྲུང་སྐྱོང་བཅའ་ཁྲིམས》སོགས་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་སྣ་ཚོགས་བགྲང་གིས་མི་ལང་བས་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད། ཐེངས་འདིའི་བྱེད་སྒོས་ཞིང་འབྲོག་པ་མང་ཚོགས་ཀྱི་ཁྲིམས་སྐྱོང་གི་དགོས་མཁོར་གནད་ལ་འཁེལ་བའི་སྒོ་ནས་འབྲེལ་མཐུད་བྱས་ཏེ། བྱ་ཐབས་སྣ་ཚོགས་བརྒྱུད་ནས་བཅའ་ཁྲིམས་ཀྱི་དོན་ཚན་དང་འཚོ་བའི་ནང་ཟབ་ཞུགས་ཐུབ་པར་བྱས་ནས་ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་རྒྱུར་རྨང་གཞི་བརྟན་པོ་བཏིངས་ཡོད།
དཔེ་དེབ་འབུལ་བའི་མཛད་སྒོའི་ཐོག ཞིང་འབྲོག་མང་ཚོགས་ཀྱི་འཐུས་མི་10ཡིས་བོད་རྒྱ་ཡིག་རིགས་གཉིས་ཀྱི་བཅའ་ཁྲིམས་ཀློག་དེབ་དང་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་དྲིལ་བསྒྲགས་དཔྱད་གཞི་ལྗིད་ཏིག་ཏིག་ཅིག་ལག་ཏུ་བླངས་ནས་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས་ཡོད། བཅའ་ཁྲིམས་ཀྱི་འབྲེལ་ཡོད་ཤེས་བྱའི་དྲི་བ་དྲིས་ལན་འགྲན་བསྡུར་གྱི་ལྷུ་ཚིགས་ཁྲོད། གཙོ་སྐྱོང་པས་བཏོན་པའི་རྩ་ཁྲིམས་དང་ཞིང་ལས་དང་འབྲེལ་བ་ཡོད་པའི་དྲི་བར་ལན་འདེབས་པའི་ཁྲོད་དུ་ཞིང་འབྲོག་མང་ཚོགས་མང་པོ་ཞིག་ཧུར་ཐག་ངང་ཞུགས་པའི་ཡིད་དབང་བཀུག་ཡོད།
བཅའ་ཁྲིམས་སྦྱོང་སྤྱོད་ལ་དཔེ་སྟོན་དུད་ཚང་གི་འཐུས་མི་ཚེ་རིང་རྒྱ་མཚོ་ཡིས་དེ་རིང་གི་རྩ་ཁྲིམས་དྲིལ་བསྒྲགས་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་ཤིང་། དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་ཧ་ཅང་མང་ལ་བལྟས་མ་ཐག་གོ་བ་ལེན་ཐུབ་ཀྱི་ཡོད་པས་རྗེས་སུ་གནད་དོན་འཕྲད་ཚེ་ཇི་ལྟར་ཁྲིམས་ལྟར་ཐག་གཅོད་བྱེད་དགོས་པར་མཐུན་རྐྱེན་འཛོམས་ཡོད། ཤེས་བྱའི་དྲི་བ་དྲིས་ལན་འགྲན་བསྡུར་གྱི་རྣམ་པ་དེ་དཔེ་དེབ་ལ་བལྟ་བ་ལས་ཡིད་ལ་ངེས་སླ་བ་ཡོད། རྗེས་སུ་ངས་རང་འགུལ་ངང་བཅའ་ཁྲིམས་ཀྱི་ཤེས་བྱར་སློབ་སྦྱོང་བྱས་ནས་བཅའ་ཁྲིམས་ཀྱི་མཚོན་ཆ་སྤྱད་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད།
བཅའ་ཁྲིམས་བློ་འདྲིའི་ཞབས་ཞུའི་སྟེགས་བུ་དང་དྲིལ་བསྒྲགས་བློ་འདྲི་བྱ་ཡུལ་དུ། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་ཁྲིམས་རྩོད་ཚོགས་པས་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་བཅའ་ཁྲིམས་ཀྱི་དཀའ་གནད་ལ་དམིགས་ནས་དཔེ་མཚོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གོ་བདེ་ཞིང་རྟོགས་སླ་བའི་གྲོང་སྐད་ལ་བརྟེན་ནས་རྩ་ཁྲིམས་ཁྲོད་ཀྱི་ཞིང་ལས་དང་། གྲོང་གསེབ། ཞིང་པ་བཅས་ཀྱི་འབྲེལ་ཡོད་གཏན་འབེབས་ལ་འགྲེལ་བཤད་བྱས་ཏེ། ས་ཞིང་འཁོར་རྒྱུག་དང་གྲོང་གསེབ་ཀྱི་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་སོགས་གླེང་མང་བའི་གནད་དོན་ལ་ལན་ཞིབ་ཕྲ་བརྒྱབ་པ་རེད།
རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་ཐིང་ཀྲང་གཞོན་པ་ཀྲང་ཧའེ་དབྱང་གིས་སླད་ཕྱིན་ང་ཚོས་གྲོང་གསེབ་ཀྱི་ཁྲིམས་ལུགས་ཁྱབ་གདལ་གཏོང་སྟངས་རྒྱུན་ཆད་མེད་པར་གསར་གཏོད་དང་ཁྲིམས་ལུགས་ཁྱབ་གདལ་གཏོང་རྒྱུའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཁྲིམས་བཀུར་དང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་གངས་ལྗོངས་ས་མཐོའི་གོམས་སྲོལ་ཞིག་ཏུ་འགྱུར་བར་བྱས་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་མགྱོགས་སུ་གཏོང་བར་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་ཞིག་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社