ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་བསྟུད་མར་ཀྲུང་གོ་གུང་ཁྲན་ཏང་ལྷ་ས་གྲོང་ཁྱེར་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་ལ་ཁྲེང་ཀོན་ཆུས་བརྒྱད་གཅིག་ཁྲོམ་གཞུང་བརྒྱད་གཅིག་སྡེ་ཁུལ་དུ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་འཕྱུར་ཞིང་། ཚང་མས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། དངོས་སྒྲུབ་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་དུ་དོན་འཁྱོལ་ཐུབ་པར་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། སྤྱི་ཚོགས་བཅོས་སྐྱོང་གི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ནུས་ཆེའི་བཅོས་སྐྱོང་གི་ཁྲིམས་སྐྱོང་གི་ལྷ་ས་འཛུགས་སྐྲུན་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་ཁྲོད་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་བྱེད་པ། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། དོན་ཆུང་ཁྱིམ་ཚང་དུ་ཐག་གཅོད་ཐུབ་པ་དང་དོན་ཆེན་སྡེ་ཁུལ་དུ་ཐག་གཅོད་ཐུབ་པ་བྱ་རྒྱུ་དེ་རྒྱུན་རྣམ་དུ་འགྱུར་བར་བྱེད་དགོས། བཀོད་སྒྲིག་དེ་བརྒྱད་གཅིག་སྡེ་ཁུལ་གྱི་བཅོས་སྐྱོང་ལག་ལེན་དང་གནད་སྨིན་མཐུན་ཡོད་ལ་སྡེ་ཁུལ་གྱི་འབྱུང་འགྱུར་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱས་པས། གཞི་རིམ་དུ་གཞི་ཚུགས་པའི་ལས་དོན་པར་སྐུལ་ལྕག་ཆེན་པོ་ཐེབས་པ་དང་སྡེ་ཁུལ་གྱི་གྲོང་མིར་རེ་བས་ཁེངས་ཡོད།
བརྒྱད་གཅིག་ཁྲོམ་གཞུང་ཏང་འཛུགས་སྐྱོང་གཞུང་དོན་ཁང་གི་ལས་དོན་པ་ལིའུ་ཧའེ་ཁྲའོ་ཡིས་གྲོང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པས་ལོ་ལྔ་ཚན་བཅོ་ལྔ་པའི་རིང་གི་རང་གྲོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་འཆར་གཞི་བཀོད་ཡོད། ཚོགས་འདུའི་དགོངས་དོན་གྱིས་སྡེ་ཁུལ་ལས་དོན་གྱི་ལྟེ་བར་གནད་སྨིན་འབྲེལ་མཐུད་བྱས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་པའི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་ཞེས་པས་སྡེ་ཁུལ་གྱི་བཅོས་སྐྱོང་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད། གཞི་རིམ་ནི་སྲིད་ཇུས་དོན་འཁྱོལ་བྱེད་པའི་མཐའ་མའི་འགག་གནད་ཅིག་ཡིན་པས། རྗེས་མར་ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། མང་ཚོགས་ཀྱིས་རེ་སྒུག་བྱེད་པའི་བྱ་བ་དེ་སྒྲུབ་བཞིན་པའི་བྱ་བར་འགྱུར་བར་བྱས་ནས་བཅོས་སྐྱོང་གི་ཕན་ནུས་དེ་གྲོང་མིས་མཐོང་ཐུབ་པ་དང་ཚོར་ཐུབ་པའི་སྐྱིད་སྣང་དུ་འགྱུར་བར་བྱས་ཏེ། གཞི་རིམ་གྱི་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་ཆེད་གཞི་རིམ་གྱི་སྟོབས་ཤུགས་སྣོན་རྒྱུ་ཡིན་ཞེས་བཤད།
རྗེས་མར་བརྒྱད་གཅིག་ཁྲོམ་གཞུང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་རྒྱུན་མཐུད་གཏིང་ཟབ་བྱས་ཏེ། ལོ་ལྔ་ཚན་བཅོ་ལྔ་པའི་འཕེལ་རྒྱས་ཀྱི་དམིགས་ཚད་ལ་དམིགས་ནས་སྡེ་ཁུལ་གྱི་དོན་འཁྱོལ་གསལ་ཐོ་གསེད་བཀྲོལ་བྱ་རྒྱུ་ཡིན་ཞིང་། དམངས་འཚོའི་ཞབས་ཞུ་ལེགས་གཏོང་དང་། རིག་གནས་རྒྱུན་འཛིན་གསར་གཏོད། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་། གཞི་རིམ་བཅོས་སྐྱོང་སྤུས་ཚད་མཐོར་གཏོང་སོགས་ཀྱི་གཙོ་གནད་ལས་དོན་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་ནས་ལྷ་སའི་ལོ་ལྔ་ཚན་བཅོ་ལྔ་པའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ཆེན་པོར་གཟི་བརྗིད་སྣོན་རྒྱུ་རེད། (ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社