ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་12ཚེས་1ཉིན།གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་དང་།དྲིལ་བསྒྲགས།ལག་བསྟར་བཅས་བྱས་ནས་རྩ་ཁྲིམས་མི་སེམས་ལ་ཟུག་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་པའི་གཙོ་དོན་ལ་དམིགས་ཏེ་སྒྲོག་འགྲེལ་དཔུང་ཁག་སྟག་རྩེ་ཆུས་ཀྱི་དགོན་སྡེ་དང་སློབ་གྲྭ་སོགས་སུ་བསྐྱོད་རྒྱུར་སྒྲིག་འཛུགས་ཧུར་ཐག་བྱས་པ་དང་།ཆབས་ཅིག་ཏུ་སྒྲོག་འགྲེལ་བ་རྩེ་གྲའི་སྐད་སྒྲར་བརྟེན་ནས་ཞིབ་དཔྱོད་པས་ཁྲིམས་ལུགས་ཁྱབ་གདལ་སྔོན་ལ་ལག་བསྟར་བྱེད་ཅེས་པའི་གནད་སྨིན་ཁྲིམས་ལུགས་ཁྱབ་གདལ་གྱི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཞིང་།དགོས་མཁོར་དམིགས་ཏེ་གནད་སྨིན་སྒྲོག་འགྲེལ་བྱེད་སྟངས་བརྒྱུད།ཁྲིམས་སྐྱོང་གི་དགོངས་དོན་གཞི་རིམ་དུ་དོན་འཁྱོལ་ཐུབ་པར་བྱས་པ་རེད།
སྟག་རྩེ་ཆུས་གསང་སྔགས་དགོན་དོ་དམ་ཨུ་ལྷན་དུ་སྒྲོག་འགྲེལ་བས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་འདུ་ཤེས་གསུམ་ཟབ་ཏུ་གཏོང་རྒྱུར་དམིགས་ནས་ལྟེ་བའི་སྒྲོག་འགྲེལ་བྱས་པ་རེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》སོགས་ཁྲིམས་སྲོལ་ལ་དམིགས་ནས་གསལ་འགྲེལ་བྱས་པ་དང་འབྲེལ།དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་བྱས་ཏེ་ཆོས་ལུགས་བྱེད་སྒོའི་ཁྲིམས་མཐུན་གྱི་ཚད་གཞིར་འགྲེལ་བཤད་བརྒྱབ་པ་དང་།ཆོས་ལུགས་ལས་དོན་པར་རྒྱལ་ཁྲིམས་ནི་འདུལ་ཁྲིམས་ལས་ལྷག་པའི་འདུ་ཤེས་བརྒྱུད་སྤྲོད་ཀྱིས་ཁོང་ཚོར་ཁྲིམས་བཀུར་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ནས།ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་ལ་རམ་འདེགས་བྱས་ཡོད།
གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་ཨུ་ལྷན་གྱི་ཆེད་བསྐོས་ཨུ་ཡོན་ཕུར་བུ་མཚམས་གཅོད་ཀྱིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་12པ་འཆར་ཉེའི་མཚམས་སུ།ལྷ་ས་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།གནད་སྨིན་ཁྲིམས་ལུགས་ཁྱབ་གདལ་གྱི་ལྟེ་བའི་དམིགས་ཚད་དེར་དམ་པོར་དམིགས་པ།ལྷ་ས་གྲོང་ཁྱེར་གྱི་སྒྲོག་འགྲེལ་བ་རྩེ་གྲའི་སྤུས་ལེགས་ཀྱི་ཞིབ་དཔྱོད་ཐོན་ཁུངས་ལ་བརྟེན་པ།གནད་སྨིན་ཁྲིམས་ལུགས་ཁྱབ་གདལ་གྱི་སྒྲོག་འགྲེལ་བྱེད་པ།སློབ་གྲྭ་དང་།ཁེ་ལས།ཤང་དང་གྲོང་ཚོ།དགོན་སྡེ་བཅས་སུ་ཁྲིམས་ལུགས་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་བ་བཅས་བྱས་ཏེ།ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ལྷ་ས་དང་ཁྲིམས་སྐྱོང་གི་ལྷ་ས་གཏོད་ཆེད་ཞིབ་དཔྱོད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
དེ་དང་ཆབས་ཅིག་སྟག་རྩེ་ཆུས་སློབ་འབྲིང་གི་ཁྲིམས་སྐྱོང་སློབ་ཁང་གི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད།སྒྲོག་འགྲེལ་བ་རྩེ་གྲ་ཚེ་རིང་དབྱངས་ཅན་གྱིས་ནར་མ་སོན་པའི་མིའི་སྲུང་སྐྱོང་དང་སློབ་གྲྭའི་ནང་གི་བརྙས་བཅོས་འགོག་བཅོས་སོགས་ཀྱི་ནང་དོན་ལ་གནད་སྨིན་དམིགས་ནས《ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》དང་།《ནར་མ་སོན་པའི་མིའི་ཉེས་གསོག་སྔོན་འགོག་བཅའ་ཁྲིམས》ཀྱི་ལྟེ་བའི་དོན་ཚན་ལ་འགྲེལ་བཤད་གཏིང་ཟབ་བརྒྱབ་པ་དང་།སྤྱི་མཚན་དུ་གྱུར་པའི་བཅའ་ཁྲིམས་ཀྱི་ཤེས་བྱ་དེ་སློབ་གྲྭའི་འཚོ་བ་དང་ཟུང་འབྲེལ་བྱེད་པའི་སྤྱོད་གོ་ཆོད་པའི་མཛུབ་ཁྲིད་དུ་བསྒྱུར་ནས།སློབ་མས་བག་ཕེབས་སྤྲོ་སྣང་གི་མཉམ་འགུལ་རྣམ་པའི་ཁྲོད་ཁྲིམས་ཤེས་པ་དང་ཁེ་དབང་སྲུང་སྐྱོང་བྱེད་ཤེས་པར་བྱས་ཡོད།སྟག་རྩེ་ཆུས་དམའ་རིམ་སློབ་འབྲིང་ལོ་རིམ་གཉིས་པའི་འཛིན་གྲྭ་བརྒྱད་པའི་སློབ་མ་བསྟན་འཛིན་སྒྲོལ་དཀར་གྱིས།དེ་རིང་ཁྲིམས་སྐྱོང་སློབ་ཚན་ཉན་རྗེས།ངས་གང་ཞིག་ནི་བྱ་སྤྱོད་ངན་པ་དང་བྱ་སྤྱོད་ངན་པ་ཚབས་ཆེན་ཡིན་པར་ངོས་འཛིན་དེ་བས་གཏིང་ཟབ་བྱུང་ལ།བཅའ་ཁྲིམས་ཀྱི་མཚོན་ཆ་ཇི་ལྟར་སྤྱད་དེ་རང་ཉིད་སྲུང་སྐྱོང་བྱེད་དགོས་པའང་ཤེས་བྱུང་།ངས་རང་ཉིད་ཀྱིས་སྦྱངས་པའི་བཅའ་ཁྲིམས་ཀྱི་ཤེས་བྱ་ཉེ་འགྲམ་གྱི་གྲོགས་པོ་ཆུང་ཆུང་དང་ཁྱིམ་མིར་ལོངས་སུ་སྤྱོད་རྒྱུ་ཡིན་ཞེས་བཤད།
ད་ཐེངས་ཀྱི་སྒྲོག་འགྲེལ་བ་རྩེ་གྲའི་སྐད་སྒྲར་བརྟེན་ནས་ཞིབ་དཔྱོད་པས་ཁྲིམས་ལུགས་ཁྱབ་གདལ་སྔོན་ལ་ལག་བསྟར་བྱེད་ཅེས་པའི་གནད་སྨིན་ཁྲིམས་ལུགས་ཁྱབ་གདལ་གྱི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་བརྒྱུད།ཧེ་བག་ཅན་གྱི་སྒྲོག་འགྲེལ་དང་དབྱིངས་བཞུགས་རྣམ་པའི་ཉམས་ལེན་བརྒྱུད།ཁྲིམས་སྐྱོང་ཤེས་བྱ་གཞི་རིམ་དུ་ཐད་ཀར་ཤེས་རྟོགས་ཐུབ་ནས་དགེ་སློབ་དང་གྲྭ་བཙུན་གྱི་ཁྲིམས་སྐྱོང་བྱང་ཚད་དང་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་གི་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ཡོད།ཕྱིས་འབྱུང་།གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་བཅའ་ཁྲིམས་ཁྱབ་གདལ་གྱི་ཁྱབ་རྒྱ་མུ་མཐུད་དེ་ཆེ་རུ་གཏོང་བ་དང་།སྒྲོག་འགྲེལ་གྱི་ཕན་འབྲས་ཟབ་ཏུ་གཏོང་བ།སྤྱི་ཚོགས་ཡོངས་ཀྱི་ཁྲིམས་བཀུར་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ཁྲིམས་སྐྱོང་གི་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་ཡིན་པ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社