ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་12ཚེས་3ཉིན། གྲོང་ཁྱེར་ཡོངས་ཀྱི་རྩ་ཁྲིམས་ཀྱི་ཆེད་དོན་ཟུར་ཁྲིད་སྙན་ཞུའི་ཚོགས་འདུ་གྲོང་ཁྱེར་ཁྲིམས་འཛིན་ཅུས་སུ་འཚོགས་པ་རེད།
ད་ཐེངས་ཀྱི་ཟུར་ཁྲིད་སྙན་ཞུའི་ཚོགས་འདུའི་ཐོག བོད་ལྗོངས་སློབ་ཆེན་སྲིད་ཁྲིམས་སློབ་གླིང་གི་དགེ་རྒན་ཆེན་མོ་བ་ཀའོ་ཏ་ཧུང་གིས།རྩ་ཁྲིམས་ཀྱི་ལྟེ་བའི་གཙོ་དོན་དེར་དམིགས་ནས་རྩ་ཁྲིམས་ཀྱི་འཕེལ་རྒྱས་བརྒྱུད་རིམ་དང་། ལྟེ་བའི་དོན་སྙིང་། དེ་བཞིན་ལག་ལེན་གྱི་བླང་བྱ་སོགས་ཕྱོགས་མང་པོའི་ཐད་ནས་བརྒྱུད་རིམ་ལྡན་ལ་གཏིང་ཟབ་པའི་རྒྱས་བཤད་དང་འགྲེལ་བཤད་བྱས་ཡོད། སློབ་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་ལ་ཞིབ་ཚགས་པ་དང་། གཏན་ཚིགས་ཁ་གསལ་ལ་ཚགས་དམ་པ། རིགས་པའི་གཞུང་ལུགས་ཀྱི་མཐོ་ཚད་ཟབ་མོ་ལྡན་པར་མ་ཟད། ལག་ལེན་དངོས་ཀྱི་ཟབ་ཚད་ཀྱང་ལྡན་པས་ཚོགས་ཞུགས་པའི་བློ་སྒོ་ཕྱེ་བ་དང་ངར་ཤུགས་ཡང་འཕེལ་ཡོད།
གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཆབ་སྲིད་པུའི་ཀྲུའུ་རེན་བསྟན་པས།ང་ཚོས་ད་ཐེངས་ཀྱི་ཆེད་དོན་ཟུར་ཁྲིད་གོ་སྐབས་སུ་བྱས་ཏེ། རྩ་ཁྲིམས་ཀྱི་དགོངས་དོན་སེམས་ནང་འཇགས་པ་དང་བྱ་སྤྱོད་ཐོག་འཁྱོལ་བར་བྱས་ནས་རང་ངོས་ཀྱི་རྩ་ཁྲིམས་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་། དེ་བས་བློ་བརྟན་འགྱུར་མེད་ཀྱི་ཁྲིམས་སྐྱོང་དད་སེམས་དང་དེ་བས་དངོས་སྒྲུབ་ནུས་ལྡན་གྱི་བྱ་ཐབས་ལ་བརྟེན་ནས་རྩ་ཁྲིམས་རང་གྲོང་གི་བྱ་གཞག་ཁག་གི་ཁྲོད་རྩ་བ་ཚུགས་པ་དང་འབྲས་བུ་སྨིན་རྒྱུར་སྐུལ་འདེད་བཏང་སྟེ། ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་ལྷ་ས་སྐྲུན་མགྱོགས་སུ་གཏོང་ཆེད་སྒུལ་ཤུགས་ཆེན་པོ་སྣོན་རྒྱུ་ཡིན་ཞེས་བཤད།
མིག་སྔར། རང་གྲོང་འདི་ཉིད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས། ཐོན་ལས་རིམ་སྤོར་དང་རྣམ་གྲངས་འཛུགས་སྐྲུན་ཡིན་ནའང་འདྲ་ཡང་ན་དམངས་འཚོ་ལེགས་གཏོང་དང་། སྤྱི་ཚོགས་བཅོས་སྐྱོང་གང་ཞིག་ཡིན་རུང་རྩ་ཁྲིམས་ཀྱི་ཁྲིད་སྟོན་དང་འགན་ལེན་དང་ཁ་འབྲལ་ཐབས་མེད། ད་ཐེངས་ཀྱི་ཆེད་དོན་ཟུར་ཁྲིད་བྱས་པའི་དམིགས་ཡུལ་ནི་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་རྩ་ཁྲིམས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་ལ་ཁྲིད་སྟོན་བྱས་ཏེ། རྩ་ཁྲིམས་ཀྱི་སྙིང་སྟོབས་དེ་ལས་དོན་ཁག་ནང་ཁྱབ་པ་དང་། རང་གྲོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲིམས་སྐྱོང་སྟོབས་ཤུགས་ཆེན་པོར་འགྱུར་བར་བྱ་རྒྱུ་དེ་ཡིན་པ་རེད།
གྲོང་ཁྱེར་ཁྲིམས་འཛིན་ཅུས་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་གི་ཁོའོ་ཀྲང་གཞོན་པ་ཁོའུ་ཡན་ཞ་ཡིས།ང་ཚོས་རྩ་ཁྲིམས་ཀྱི་བླང་བྱ་དེ་ཁྲིམས་ལྟར་སྲིད་འཛིན་དང་། གཞུང་དྲང་ཁྲིམས་འཛིན། སྤྱི་ཚོགས་བཅོས་སྐྱོང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ནང་ཁྱབ་པར་བྱས་ཏེ། ཁྲིམས་ལྟར་སྲིད་འཛིན་གྱི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྲིད་འཛིན་ཁྲིམས་འཛིན་གྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ཁྲིམས་འཛིན་གཞུང་དྲང་དང་། ནུས་ཆེ། དབང་གྲགས་བཅས་འགན་ལེན་བྱེད་པ། ཁྲིམས་སྐྱོང་ལྷ་ས་འཛུགས་སྐྲུན་གྱི་སྤུས་ཚད་དང་ཆུ་ཚད་མུ་མཐུད་དེ་མཐོ་རུ་གཏོང་བ་བཅས་བྱ་རྒྱུ་ཡིན་ཞེས་བཤད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社