ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་ཀྱི་2026ལོའི་སློབ་ཆེན་ཐོན་པའི་སློབ་མའི་གཞུང་ཞབས་པ་ཡོངས་བསྒྲགས་ངང་བསྡུ་བའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་དང་། ད་ཐེངས་སྒྲིག་ཁོངས་གཏན་འཁེལ་དང་ལས་གནས་གཏན་འཁེལ་གྱི་བྱ་ཐབས་སྤྱད་དེ་གཞུང་ཞབས་པ་ཁྱོན་475ཡོངས་བསྒྲགས་ངང་བསྡུ་རྩིས་ཡོད་པ་རེད། རྒྱུགས་སྤྲོད་མི་སྣས་2025ལོའི་ཟླ་12ཚེས་7ཉིན་གྱི་ཆུ་ཚོད་9:30ནས་ཟླ་12ཚེས་12ཉིན་གྱི་ཆུ་ཚོད་18:00བར་རྒྱལ་ཡོངས་ཀྱི་མི་དོན་ཡིག་རྒྱུགས་ཞབས་ཞུའི་ལས་སྟེགས་ཀྱི་དྲ་བ་བརྒྱུད་ནས་མིང་ཐོ་འགོད་ཆོག་གི་ཡོད།
ཐེངས་འདིའི་ཡིག་རྒྱུགས་ཁྲོད་གཙོ་བོ་རང་ལྗོངས་ལ་ཁ་ཕྱོགས་ཏེ་རྒྱལ་ཁབ་ཀྱིས་ཁས་ལེན་ཐོབ་པའི་སློབ་གཉེར་གྱི་བརྒྱུད་རིམ་ལྡན་པའི་སློབ་ཆེན་ཐོན་པའི་སློབ་མ་བསྡུ་རྒྱུ་རེད། དེ་དང་ཆབས་ཅིག་ཏུ་ཞབས་ཞུའི་དུས་ཡུན་ཐིམ་པ་མ་ཟད། དཔྱད་ཞིབ་ཀྱི་ཚད་གཞི་ལོན་པའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པ་དང་། རྒྱབ་་སྐྱོར་གསུམ་དང་རོགས་སྐྱོར་གཅིག་གི་མི་སྣ། གྲོང་གསེབ་དར་རྒྱས་ཀྱི་ཆེད་དོན་ལས་བྱེད་པ། དམག་ཞབས་ཐིམ་པའི་སློབ་ཆེན་སློབ་མ། དེ་བཞིན་བོད་སྡོད་ལས་བྱེད་པ་དང་ལས་བཟོ་བ། བོད་སྡོད་དཔུང་སྡེའི་དངོས་ཞབས་དམག་མིའི་ཆ་རྐྱེན་དང་མཐུན་པའི་བཟའ་ཟླ་དང་བུ་ཕྲུག་བཅས་ཀྱིས་ཡིག་རྒྱུགས་གཏོང་ཆོག་གི་ཡོད། གཞན་ཡང་། ཆ་རྐྱེན་འཛོམས་པའི་དངོས་གཞིའི་ཚན་ཁག་ཡན་གྱི་སློབ་གཉེར་གྱི་བརྒྱུད་རིམ་ལྡན་པ་དང་བཀོད་སྒྲིག་བྱ་ཡུལ་ནི་རང་ལྗོངས་སུ་ཡིན་པའི་དམག་ཞབས་ཐིམ་པའི་དམག་མི་དང་འོས་འགན་དམག་མིའང་ཡིག་རྒྱུགས་ནང་ཞུགས་ཆོག་གི་ཡོད།
རྒྱུགས་སྤྲོད་མཁན་ལ་ཆེད་ཚན་ཡན་གྱི་རིག་གནས་ཀྱི་ཆུ་ཚད་ལྡན་དགོས་པ་དང་། རྒྱུགས་བསྡུའི་ཁྲོད་ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱུགས་སྤྲོད་མཁན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་གོང་བཀུར་ཞུས་ནས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཡིག་རྒྱུགས་ལ་སྤྱི་པའི་སློབ་ཚན་དང་ཆེད་ལས་སློབ་ཚན་གཉིས་སུ་དབྱེ་བ་ཡོད་པ་དང་། སྤྱི་པའི་སློབ་ཚན་གྱི་ཡིག་རྒྱུགས་དེ་ཟླ་12ཚེས་28ཉིན་གཏོང་རྒྱུ་དང་།ཡིག་རྒྱུགས་ཀྱི་སློབ་ཚན་ནི《སྲིད་འཛིན་ལས་རིགས་ནུས་པའི་རྒྱུགས་ལེན》དང《འབྲི་གླེང》ཡིན་པ་རེད། སྤྱི་བདེ་ལས་ཁུངས་ཀྱི་མི་དམངས་ཉེན་རྟོག་པའི་ལས་གནས་ལ་མིང་ཐོ་བཀོད་པའི་རྒྱུགས་སྤྲོད་སློབ་མ་ད་དུང་ཟླ་12ཚེས་27ཉིན་སྤྱི་བདེ་ཆེད་ལས་ཀྱི་ཡིག་རྒྱུགས་ནང་ཞུགས་དགོས་པ་དང་། ལྗོངས་ཕྱི་ནང་དུ་ཡིག་རྒྱུགས་གཏོང་ཁུལ་12བཀོད་སྒྲིག་བྱས་ཡོད་ཅིང་ དེའི་ནང་ལྷ་ས་དང་། གཞིས་ཀ་རྩེ། ལྷོ་ཁ། ཉིང་ཁྲི། ཆབ་མདོ། ནག་ཆུ། མངའ་རིས་བཅས་ལྗོངས་ནང་ཁུལ་གྱི་ཡིག་རྒྱུགས་གཏོང་ཁུལ་7དང་།པེ་ཅིང་གྲོང་ཁྱེར་དང་། ནན་ཅིང་གྲོང་ཁྱེར། ཁྲེང་ཏུའུ་གྲོང་ཁྱེར། ཝུའུ་ཧན་གྲོང་ཁྱེར། ཞན་དབྱང་གྲོང་ཁྱེར་བཅས་ལྗོངས་ཕྱིའི་ཡིག་རྒྱུགས་གཏོང་ཁུལ་5ཚུད་ཡོད། དེ་དག་གིས་ཡིག་རྒྱུགས་གཏོང་མཁན་སློབ་མར་ཐག་ཉེ་སར་ཡིག་རྒྱུགས་ནང་ཞུགས་རྒྱུར་སྟབས་བདེ་གང་ལེགས་བསྐྲུན་ཡོད་པ་རེད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社