ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གཞུང་ལས་ཁང་གི་ཁང་པའི་བདག་ཁོངས་གཅིག་གྱུར་ཐོ་འགོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་གཞུང་ཁོངས་རྒྱུ་ནོར་དོ་དམ་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྲིད་གཞུང་གི་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ཡོད། ལས་དོན་བདེ་བླག་ངང་སྤེལ་ཆེད། ཟླ་12ཚེས་1ཉིན། ལྷ་ས་གྲོང་ཁྱེར་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་རིམ་པ་དེ་གའི་ལས་ཁུངས་དང་བྱ་གཞག་ཚན་པའི་གཞུང་ལས་ཁང་གི་ཁང་པའི་བདག་ཁོངས་གཅིག་གྱུར་ཐོ་འགོད་ལས་དོན་གྱི་སྐུལ་སློང་གསོ་སྦྱོང་ཚོགས་འདུ་འཚོགས་ནས་བསམ་བློ་སྔར་བས་གཅིག་གྱུར་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱས་ཏེ་ཕྱོགས་ཡོངས་ནས་ཤུགས་རྒྱག་པ་དང་མཐུན་སྦྱོར་མཉམ་འགུལ་གྱི་ལས་ཀའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་པ་རེད།
ལྷ་ས་གྲོང་ཁྱེར་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱིས་གཞུང་ལས་ཁང་གི་ཁང་པའི་བདག་ཁོངས་གཅིག་གྱུར་ཐོ་འགོད་ལས་དོན་ཁྲོད་སྒྲིག་འཛུགས་བྱེད་མཁན་དང་། མཐུན་སྦྱོར་བྱེད་མཁན། ལག་བསྟར་བྱེད་མཁན། ལྟ་སྐུལ་བྱེད་མཁན་བཅས་ཀྱི་ལས་འགན་མང་པོ་ཁུར་ཡོད། ད་ཐེངས་ཀྱི་གསོ་སྦྱོང་ནང་ཅུས་དེས་ལྷ་ས་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་ཀྱི་དབང་ཆ་གཏན་འཁེལ་ཐོ་འགོད་ཁོའོ་དང་། རྣམ་གྲངས་དོ་དམ་ཁོའོ། གཏན་འཇགས་རྒྱུ་ནོར་ཐོ་འགོད་ལྟེ་གནས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ་ཆེད་མངགས་གདན་དྲངས་ནས་གྲོང་ཁྱེར་ཐད་གཏོགས་ཀྱི་ལས་ཁུངས་དང་བྱ་གཞག་ཚན་པ་128ཀྱི་ལས་དོན་མི་སྣར་ཆེད་ལས་ཟུར་ཁྲིད་བྱས་ཏེ་སྲིད་ཇུས་ཁྲིམས་སྲོལ་དང་། ལག་རྩལ་གྱི་བླང་བྱ། བཀོལ་སྤྱོད་གོ་རིམ་སོགས་ཕྱོགས་མང་པོའི་ཐད་ཁྱོན་ཡོངས་ནས་འགྲེལ་བཤད་བརྒྱབ་སྟེ་ཚང་མས་ལས་དོན་ཁྲོད་ཀྱི་གཙོ་གནད་དང་དཀའ་གནད་ཁོང་དུ་ཡང་དག་ཆུད་པར་བྱས་ནས་ལས་ཕྱོད་དང་སྤུས་ཚད་མཐོ་རུ་གཏོང་རོགས་བྱས་པ་རེད།
ཚོགས་འདུའི་ཐོག་ཏང་སྲིད་ལས་ཁུངས་ཀྱི་གཞུང་ལས་ཁང་གི་ཁང་པའི་བདག་ཁོངས་གཅིག་གྱུར་ཐོ་འགོད་ལས་དོན་སྐོར་གྱི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་དང་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 《ལྷ་ས་གྲོང་ཁྱེར་གྱི་རིམ་པ་དེ་གའི་ལས་ཁུངས་དང་བྱ་གཞག་ཚན་པའི་གཞུང་ལས་ཁང་དང་ལག་རྩལ་ལས་སྒོའི་ཁང་པའི་བདག་ཁོངས་གཅིག་གྱུར་ཐོ་འགོད་ལས་དོན་གྱི་ལག་བསྟར་ཇུས་གཞི》སོགས་གསལ་འགྲེལ་བྱས་པ་རེད།
ལྷ་ས་གྲོང་ཁྱེར་ལས་ཁུངས་ལས་དོན་དོ་དམ་ཅུས་ཁང་ཁོངས་དང་སྤྱི་པའི་སྒྲིག་གཞིའི་ནུས་རྒྱུ་གྲོན་ཆུང་དོ་དམ་ཁོའོ་ཡི་ཁོའོ་ཀྲང་ལུའེ་ལི་ཐའོ་ཡིས་དེ་རིང་ང་ཚོས་གྲོང་ཁྱེར་རིམ་པའི་ལས་ཁུངས་དང་བྱ་གཞག་ཚན་པ་128སྒྲིག་འཛུགས་བྱས་ཏེ་གཞུང་ལས་ཁང་དང་ལག་རྩལ་ལས་སྒོའི་ཁང་པའི་བདག་ཁོངས་གཅིག་གྱུར་ཐོ་འགོད་ལས་དོན་གྱི་སྐུལ་སློང་གསོ་སྦྱོང་ཚོགས་འདུ་འཚོགས་པའི་དམིགས་ཡུལ་ནི་ཏང་སྲིད་ལས་ཁུངས་ཀྱི་གཞུང་ལས་ཁང་གི་ཁང་པའི་བདག་ཁོངས་ཐོ་འགོད་སྐོར་གྱི་ཀྲུང་དབྱང་དང་། རང་སྐྱོང་ལྗོངས། ལྷ་ས་གྲོང་ཁྱེར་བཅས་ཀྱི་བླང་བྱ་ཁག་ལག་བསྟར་བྱས་ནས་ཚན་པ་ཁག་གིས་ལས་དོན་དེའི་ཁ་ཕྱོགས་ཁ་གསལ་དང་། བྱ་སྤྱོད་གོ་རིམ་ལྡན་པ། ལས་ཕྱོད་ཆེ་བ་བཅས་ཡོང་རྒྱུར་འགན་ལེན་བྱས་ཡོད་ཅེས་བཤད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社