ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། འདི་ལོའི་ཟླ་12ཚེས་1ཉིན་ནི་འཛམ་གླིང་ཨེ་ཙེའི་ནད་ཀྱི་ཉིན་མོ་ཐེངས་38པ་དེ་ཡིན་ཞིང་། ཨེ་ཙེའི་ནད་འགོག་བཅོས་ཀྱི་ཤེས་བྱ་སྔར་བས་ཁྱབ་གདལ་གཏོང་ཆེད། དེ་ཉིན་ཁྲེང་ཀོན་ཆུས་བརྒྱད་གཅིག་ཁྲོམ་གཞུང་གིས་རང་སྐྱོང་ལྗོངས་རྒྱ་གྲམ་དམར་པོ་ཚོགས་པ་དང་མཉམ་འབྲེལ་ཐོག་སྡེ་ཁུལ་ཁག་གི་འཐུས་མི་སྒྲིག་འཛུགས་བྱས་ཏེ་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་ཚང་མར་ཆེད་ལས་དང་སྤྱོད་གོ་ཆོད་པའི་བདེ་ཐང་སྲུང་བའི་མཛུབ་ཁྲིད་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་ཨེ་ཙེའི་ནད་འགོག་བཅོས་བྱེད་པའི་མཉམ་ཤུགས་གཅིག་ཏུ་བསྒྲིལ་བར་བྱས་པ་རེད།
བྱེད་སྒོ་འགོ་ཚུགས་མ་ཐག་རང་སྐྱོང་ལྗོངས་རྒྱ་གྲམ་དམར་པོ་ཚོགས་པའི་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་ཚང་མར་ཨེ་ཙེའི་ནད་འགོག་བཅོས་ཀྱི་ཚན་རིག་ཁྱབ་གདལ་འཆད་ཁྲིད་བྱས་པ་རེད། ཨེ་ཙེའི་ནད་ཀྱི་འབྱུང་ཁུངས་ནས་ད་ལྟའི་འཛམ་གླིང་ཡོངས་སུ་ཁྱབ་པའི་གནས་ཚུལ་དང་། ནད་དུག་གིས་མིའི་ལུས་ཀྱི་རིམས་འགོག་མ་ལག་ལ་གཏོར་བཤིག་ཇི་ལྟར་གཏོང་བ་ནས་འགོས་རྗེས་ཀྱི་ནད་རྟགས་མངོན་ཚུལ་བཅས་ལ་རིགས་གཅིག་མཁས་ཅན་ཚང་མས་འགྲེལ་བཤད་ཞིབ་ཚགས་བརྒྱབ་ཡོད། གྲོང་མི་ཚོར་དེ་བས་མྱོང་ཚོར་ཡག་པོ་ཡོང་ཆེད། ཁོང་གིས་ད་དུང་གྱོད་དཔེའི་པར་རིས་ངོ་མ་ཁག་གཅིག་འགྲེམས་སྟོན་བྱས་ནས་ཚང་མར་སྔོན་འགོག་གི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་དུ་བཅུག་པ་རེད།
ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོས་ཆེད་ལས་ཚན་རིག་ཁྱབ་གདལ་དང་གཞི་རིམ་ཞབས་ཞུ་ཟུང་འབྲེལ་གཏིང་ཟབ་བྱས་ཏེ་བརྒྱད་གཅིག་ཁྲོམ་གཞུང་གི་སྡེ་ཁུལ་ཁག་གི་ལས་དོན་པས་ཨེ་ཙེའི་ནད་འགོག་བཅོས་ཀྱི་ཤེས་བྱ་ཁོང་དུ་ཆུད་ཚད་དང་རང་ངོས་སྲུང་སྐྱོང་གི་ནུས་པ་ཆེ་རུ་ནུས་ལྡན་བཏང་ཡོད། བརྒྱད་གཅིག་ཁྲོམ་གཞུང་སྐྱིད་ཆུ་གཞུང་སྡེ་ཁུལ་གྱི་ལས་དོན་པ་ཡེ་ཤེས་སྒྲོལ་མས་ང་ཚོས་སླད་ཕྱིན་མང་ཚོགས་ཀྱི་དགོས་མཁོ་སྟོན་ཕྱོགས་སུ་བྱས་ཏེ་དྲིལ་བསྒྲགས་ཞིབ་ཚགས་དང་། ཏན་ཏིག ཡུན་རིང་བཅས་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ཨེ་ཙེའི་ནད་འགོག་པའི་འདུ་ཤེས་དེ་མང་ཚོགས་ཀྱི་སེམས་ནང་ཏན་ཏིག་འཇགས་པར་བྱས་ཏེ་ཐུན་མོང་ཐོག་ཕན་ཚུན་གཅེས་སྐྱོང་དང་ཨེ་ཙེའི་ནད་འགོག་པའི་སྡེ་ཁུལ་གྱི་རྣམ་པ་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社