ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་12ཚེས་2ཉིན། རང་གྲོང་གིས་2025ལོའི་རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར་དང་སྐལ་བཟང་མེ་ཏོག་ཁྲིམས་སྐྱོང་གཞི་རིམ་དུ་སྐྱོད་པའི་རིག་རྩལ་འཁྲབ་སྟོན་དེ་རྫོང་རྒྱབ་ཀླུ་ཁང་དུ་སྤེལ་བ་རེད། བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་ཏང་ཨུད་ཀྱི་ཨུ་ཡོན་དང་ཐིང་ཀྲང་གཞོན་པ་ཚེ་རིང་གཡང་འཛོམས་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཧུའེ། གྲོང་སྤྱི་གཞོན་པ་པ་སངས་རྡོ་རྗེ། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲེང་ཝུའེ་གོ། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སུང་ལིའུ་ཀྲུའུ་བཅས་བྱེད་སྒོར་ཞུགས་ཡོད་པ་རེད།
ཝང་ཧུའེ་ཡིས་ཤིས་ཚིག་གསུངས་སྐབས་བསྟན་དོན། ད་ལོ་ནི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དངོས་སུ་བཏོན་ནས་ལོ་ངོ་5འཁོར་བ་དང་། དམངས་ཡོངས་ཀྱིས་ཁྲིམས་ལུགས་ཁྱབ་གདལ་བཏང་ནས་ལོ་ངོ་40འཁོར་བའི་ལོ་ཞིག་ཡིན་ཞིང་ཉེ་བའི་ལོ་ཤས་རིང་། ང་ཚོས་རྩ་ཁྲིམས་ལ་བརྩི་སྲུང་ཞུས་ཏེ་ཁྲིམས་སྐྱོང་སྲིད་གཞུང་དང་ཁྲིམས་སྐྱོང་སྤྱི་ཚོགས་གཞི་གཅིག་ཏུ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་སྟེ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྲིད་གཞུང་གི་སྒྲིག་སྲོལ་75གཏན་འབེབས་བྱས་ནས་འགལ་བ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་74བསྐྲུན་ཡོད། ལྷག་པར་དུ་ལོ་ལྔ་ཚན་བརྒྱད་པའི་ཁྲིམས་ལུགས་ཁྱབ་གདལ་བཏང་ཚུན་རང་གྲོང་གིས་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་ཁག་ཐེངས་9607སྤེལ་ནས་ལོ་ལྔ་ཚན་བརྒྱད་པའི་ཁྲིམས་ལུགས་ཁྱབ་གདལ་གྱི་འཆར་འགོད་མུ་མཐུད་ལེགས་འགྲུབ་ཏན་ཏིག་ཡོང་བར་བྱས་ཏེ་རྩ་ཁྲིམས་ཀྱི་དགོངས་དོན་ལྷ་སའི་འཕེལ་རྒྱས་ཀྱི་ཐབས་ལམ་ཚང་མའི་ཁྲོད་མཉམ་འདྲེས་ཐུབ་པར་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཕྱོགས་གང་ཅིའི་ཐད་ཁྱབ་པ་དང་། ཁྲིམས་ལུགས་ལ་བཀུར་བ་དང་། ཁྲིམས་ལུགས་སྦྱོང་བ། ཁྲིམས་ལུགས་ལ་བརྩི་སྲུང་། ཁྲིམས་ལུགས་སྤྱོད་པའི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་ནུས་ལྡན་ངང་བཏོད་ཡོད།
ཝང་ཧུའེ་ཡིས་ནན་གསུངས་གནང་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་ལེན་གཏིང་ཟབ་བྱས་ཏེ་མང་ཚོགས་ཀྱི་ཁྲིམས་སྐྱོང་གི་དགོས་མཁོ་གནད་ལ་འཁེལ་བའི་སྒོ་ནས་འབྲེལ་མཐུད་བྱས་ནས་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་དྲིལ་བསྒྲགས་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ་ཁྲིམས་སྐྱོང་འཛུགས་སྐྲུན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། རྩ་ཁྲིམས་དྲིལ་བསྒྲགས་དང་སློབ་གསོའི་བྱ་གཞག་ནང་ཧུར་ཐག་ཞུགས་ནས་གཞོན་ནུ་ལོ་ཆུང་ལ་ཁྲིམས་སྐྱོང་གི་མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་རྒྱུར་ཁྲིད་སྟོན་བྱས་ཏེ་རྩ་ཁྲིམས་ཀྱི་དགོངས་དོན་གངས་ལྗོངས་ས་མཐོའི་ཐོག་རྒྱུན་ཆད་མེད་པར་འཐུས་ཚང་དུ་འགྲོ་བ་དང་མི་རབས་ནས་མི་རབས་བར་བརྒྱུད་སྤྲོད་བྱེད་དགོས།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社