ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དགུན་དུས་གྲང་ངར་ཆེ་རུ་འགྲོ་བའི་སྐབས་འདིར་ཆམ་རིམས་ཐོན་མང་བའི་དུས་སུ་སླེབས་ཡོད། གཞི་རིམ་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱ་ཆེད། ཉེ་ཆར། མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གིས་བདེ་ཐང་ལ་སྲུང་སྐྱོང་བྱས་ནས་གྲང་ངར་ཆེ་བའི་དུས་སུ་དྲོ་སྐྱིད་སྦྱིན་ཞེས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཞིང་། སྨན་བཅོས་རུ་ཁག་སྔ་རྗེས་སུ་ཅུས་ལུང་གཏེར་ལས་དང་། མེ་ཟོན་དཔུང་སྡེ། རྫོང་སློབ་ཆུང་། རྫོང་སློབ་འབྲིང་དེ་བཞིན་རྫོང་རྒན་གསོ་ཁང་བཅས་སུ་བསྐྱོད་དེ་གཏེར་ཁུལ་གྱི་བཟོ་པ་དང་། མེ་ཟོན་དཔོན་དམག སློབ་གྲྭར་འགྲོ་མུས་ཀྱི་དགེ་སློབ། མི་ཧྲེང་རྒན་རྒོན་སོགས་གཙོ་གནད་ཚོགས་སྤྱིར་ཆེད་ལས་དང་སྟབས་བདེ་བའི་ཞབས་སུ་བསྒྲུབས་ནས་ས་མཐོའི་དགུན་དུས་སུ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ་རེད།
ཨེམ་རྗེ་ལགས། ཉེ་ཆར། ང་གློ་རྒྱག་པ་དང་ད་དུང་སྣ་ཆུ་དོན་གྱི་འདུག་པས་ཆམ་རིམས་ཕོག་པ་ཡིན་ནམ། དགུན་དུས་སུ་བགྲེས་སོང་གྲང་ངར་ལ་སྐྲག་པས་ཆམ་ནད་ཇི་ལྟར་སྔོན་འགོག་བྱེད་དགོས་སམ་ཟེར་བ་སོགས་སྨན་བཅོས་བྱ་ཡུལ་དུ་བློ་འདྲི་བྱེད་པར་ཡོང་མཁན་མང་ཚོགས་རྒྱུན་ཆད་རྒྱུ་མེད། སྨན་བཅོས་རུ་ཁག་དེ་ཁོག་ནད་ཚན་ཁག་དང་། བྱིས་ནད་ཚན་ཁག སྤྱི་པའི་འཕྲོད་བསྟེན་ཚན་ཁག་བཅས་ཀྱི་རྐང་འཛིན་པ་ལས་གྲུབ་པ་ཞིག་ཡིན་ཞིང་། ཁོང་ཚོས་སྔ་སྣུར་དུ་ས་མཐོའི་ཆམ་རིམས་ཐོན་པའི་ཆོས་ཉིད་དང་ཟུང་འབྲེལ་བྱས་ཏེ། ཆེད་དོན་ཇུས་གཞི་བཟོས་ནས་ཆམ་ནད་འགོག་བཅོས་དང་། ཚ་བ་གཅོག་པ། ཟུག་གཟེར་གཅོག་པ་སོགས་ཀྱི་སྨན་རྫས་དང་དེ་བཞིན་ས་མཐོའི་འཕྲོད་སྦྱོར་རང་བཞིན་གྱི་འགོག་སྲུང་མཁོ་ཆས་དང་བདེ་ཐང་གི་དྲིལ་བསྒྲགས་ལག་དེབ་ཁྱེར་ཡོད་པ་དང་། གོ་རིམ་ལྡན་པའི་ངང་ཆམ་རིམས་ཀྱི་ནད་རྟགས་འདྲི་བ་དང་། ཁྲག་ཤེད་དང་ཁྲག་རྒྱུན་ནང་གི་མངར་ཆའི་འདུས་ཚད་ལ་ཞིབ་དཔྱད་ཚད་ལེན་སོགས་ཀྱི་ཞབས་ཞུ་བསྒྲུབས་པ་རེད།
ཆམ་རིམས་ཕོག་པ་གཏན་འཁེལ་བྱུང་བའི་མང་ཚོགས་ལ་སྨན་དོན་མི་སྣས་ཚད་ལྡན་གྱི་སྨན་རྫས་སྤྱོད་པའི་མཛུབ་ཁྲིད་དང་ནད་བསྟུན་སྨན་བཅོས་བྱས་པ་དང་། ས་མཐོའི་དགུན་དུས་སུ་ཆམ་རིམས་འགོག་བཅོས་ཀྱི་ཁྱད་ཆོས་ལ་དམིགས་ནས་སྐད་རིགས་གཉིས་ཀྱི་ཐོག་ནས་འགྲེལ་བཤད་བརྒྱབ་པ་དང་། དཔེ་མཚོན་ངོ་མ་མཉམ་སྤྱོད་བྱས་པ། དྲིལ་བསྒྲགས་ཀྱི་དཔྱད་ཡིག་སྤྲོད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ་མང་ཚོགས་ལ་ཚན་རིག་དང་མཐུན་པའི་ངང་ཁ་རས་རྒྱག་པ་དང་། རླུང་འགྲོ་བདེ་བ་དང་དུག་སེལ་བྱེད་པ། ལུགས་མཐུན་ངང་བཟའ་བཏུང་དང་ངལ་གསོ་རྒྱག་པ། ཆམ་རིམས་ཕན་ཚུན་མི་འགོ་བ་སོགས་ཀྱི་སྤྱོད་གོ་ཆོད་པའི་བྱ་ཐབས་ཁྱབ་གདལ་བཏང་བ་དང་། ཆམ་རིམས་དང་སྤྱིར་བཏང་གི་ཆམ་ནད་ཀྱི་དབྱེ་བ་དང་སྨན་སྤྱོད་བདེ་འཇགས་སོགས་ཀྱི་རྒྱུན་མཐོང་དོགས་གནད་ལ་ལན་ཞིབ་ཕྲ་བརྒྱབ་པ་རེད།
ཁྲག་ཤེད་བརྟག་དཔྱད་བྱས་མ་ཐག་པའི་རྒན་གསོ་ཁང་གི་སྤོ་བོ་བཀྲ་ཤིས་ཀྱིས་མྱོང་ཚོར་ཟབ་མོའི་ངང་སྨན་ཁང་དུ་འགྲོ་མི་དགོས་པར་ཁྱིམ་གྱི་སྒོ་འགྲམ་ནས་ནད་ལྟ་བ་དང་སྨན་ལེན་ཐུབ་པར་མ་ཟད། ད་དུང་སྔོན་འགོག་གི་ཤེས་བྱའང་ཤེས་ནས་ཧ་ཅང་སྟབས་བདེ་པོ་བྱུང་ཞེས་བཤད། ལག་ཏུ་སྨན་རྫས་དང་དྲིལ་བསྒྲགས་ལག་དེབ་ཁྱེར་བའི་གཏེར་ཁུལ་གྱི་བཟོ་པ་ལིའི་ཆེ་གེ་མོས་ང་ཚོ་ནམ་རྒྱུན་ལས་བྲེལ་ཆེ་བས་སྨན་ཁང་གི་ཨེམ་རྗེ་འདི་གར་ཡོང་ནས་སྐོར་སྐྱོད་སྨན་བཅོས་བྱས་བྱུང་བས་ང་ཚོའི་སྨན་པ་བསྟེན་དཀའ་བའི་གནད་དོན་ཐག་གཅོད་ཐུབ་པ་དང་སེམས་ནང་དྲོ་སྐྱིད་ལྡན་པ་ཞིག་བྱུང་ཞེས་བཤད།
ད་ཐེངས་ཀྱི་སྐོར་སྐྱོད་སྨན་བཅོས་བྱེད་སྒོའི་ཁྲོད་རིམ་རྩིས་བྱས་ན་མང་ཚོགས་མི་ཐེངས་2053ལ་ཞབས་འདེགས་ཞུས་པ་དང་སྨན་རྫས་སྤྲད་པའི་རིན་ཐང་སྒོར་29185ཟིན་ནས་མང་ཚོགས་ཀྱི་ཆམ་རིམས་སྔོན་འགོག་དང་ཚོད་འཛིན་གྱི་འདུ་ཤེས་དང་རང་ངོས་འཕྲོད་སྦྱོར་གྱི་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社