分享按钮

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་སི་མི་དམངས་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་50འཁོར་བར་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་2ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་སི་མི་དམངས་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་50འཁོར་བར་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་གནང་བ་རེད།

ཞི་ཅིན་ཕིང་གིས་ལོ་སི་མི་དམངས་གསར་བརྗེ་ཏང་གིས་ལོ་སི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་དཀའ་སྤྱད་འབད་འཐབ་དང་ཞུམ་མེད་མདུན་སྐྱོད་བྱས་པས། གསར་བཅོས་སྒོ་དབྱེའི་བྱ་གཞག་ཁྲོད་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད་པ་དང་། མི་དམངས་མང་ཚོགས་ཀྱི་འཚོ་བ་རྒྱུན་མཐུད་ལེགས་སུ་ཕྱིན་ཞིང་། རྒྱལ་སྤྱི་དང་ས་ཁུལ་གྱི་ཤུགས་རྐྱེན་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། བློ་མཐུན་ཡིན་ལ་སྤུན་ཟླ་ཡང་ཡིན་པའི་ངོས་ནས། ཀྲུང་གོས་དོན་དེར་དགའ་ཚོར་ཆེན་པོ་བྱེད་ཀྱི་ཡོད། ལོ་སི་ཕྱོགས་ནས་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་འཚམ་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་ཡག་པོ་སྐྱོད་ཐུབ་ངེས་ཡིན་པ་དང་། ལོ་སི་ཏང་གི་ཚོགས་ཆེན་བཅུ་གཉིས་པ་རྒྱལ་ཁའི་ངང་སྐོང་འཚོག་བྱ་རྒྱུར་བསུ་བ་ཞུ་ཐུབ་པ། ཟམ་མི་ཆད་པར་ཏང་དང་རྒྱལ་ཁབ་ཀྱི་འཛུགས་སྐྲུན་བྱ་གཞག་ལ་རྣམ་པ་གསར་པ་གཏོད་ཐུབ་ངེས་ཡིན་པ་བཅས་ཀྱི་ཐད་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཐུང་ལུན་གྱིས་ད་ལོའི་ཟླ་9པར་ཀྲུང་གོར་འཚམས་འདྲི་གནང་བ་ཐུགས་གྲ་ལེགས་འགྲིག་བྱུང་ཡོད། ང་རང་དང་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིའི་དབར་ཀྲུང་གོ་དང་ལོ་སིའི་ལས་དབང་གཅིག་མཐུན་ཚོགས་པ་གཏིང་ཟབ་འཛུགས་རྒྱུའི་ཐད་འཐབ་ཇུས་ཀྱི་ཐུན་མོང་ངོས་འཛིན་གསར་པར་གྲོས་འཆམ་བྱུང་ཡོད། ཀྲུང་གོས་སྔ་ཕྱི་བར་གསུམ་དུ་ལོ་སི་དེ་ཉིད་མཐའ་འཁོར་ཕྱི་འབྲེལ་གྱི་སྔོན་ཐོབ་ཁ་ཕྱོགས་སུ་བརྩི་ཡི་ཡོད་ཅིང་། ལོ་སི་ཕྱོགས་དང་ལྷན་དུ་སང་ལོའི་ཀྲུང་གོ་དང་ལོ་སིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་65འཁོར་བ་དེ་གོ་སྐབས་སུ་བརྩིས་ཐོག སྲོལ་རྒྱུན་གྱི་མཛའ་བཤེས་རྒྱུན་འཛིན་དང་མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་བརྒྱབ་ནས། དུས་སྐབས་གསར་པའི་ཀྲུང་གོ་དང་ལོ་སིའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་ཟམ་མི་ཆད་པར་གཏིང་ཇེ་ཟབ་དང་དོན་འཁྱོལ་ཏན་ཏིག་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་སྔར་ལས་མང་བ་བསྐྲུན་པ་དང་། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་གོང་འཕེལ་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-04 6 6 拉萨日报藏文 c213093.html 1 ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་སི་མི་དམངས་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་50འཁོར་བར་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་གནང་བ། /enpproperty-->