分享按钮

དཔེ་ཀློག་གི་སྒྲ་དབྱངས་གནའ་གྲོང་ནས་གྲགས། དཔེ་ཀློག་གི་གོམས་གཤིས་རང་རྒྱུད་དུ་འཇགས།

དུས་ཡུན་རིང་པོའི་ནང་། ལྷ་ས་གྲོང་ཁྱེར་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་ས་ཁོངས་རིག་གནས་ཀྱི་ནང་དོན་ཟབ་མོ་སྔོག་འདོན་བྱས་ནས། རིག་གནས་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སུ་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། འཕེལ་རིམ་དེའི་ནང་། དཔེ་ཀློག་གི་ལྷ་ས་འཛུགས་སྐྱོང་བྱ་རྒྱུ་མུ་མཐུད་ནས་གཏིང་ཟབ་དང་ཏན་ཏིག་བྱུང་བ་དང་དཔེ་ཀློག་གི་སྒྲ་དབྱངས་གྲོང་ཁྱེར་དུ་ཁྱབ་སྟེ། གྲོང་མིའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པར་མ་ཟད། ས་མཐོའི་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པའི་རིག་གནས་ཀྱི་སྒུལ་ཤུགས་བསྣན་ཡོད།

ལྷ་སའི་ལྟེ་བའི་དཔེ་གྲོང་གི་རྒྱ་ཁྱོན་ལ་སྨི་ངོས་གྲུ་6308དང་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་1.8ཡོད། དེའི་ནང་ཐོག་སོ་དང་པོ་ནས་གསུམ་པའི་བར་ནི་དཔེ་དེབ་དང་། ཡིག་ཆས། རིག་གནས་གསར་གཏོད། བྱིས་པའི་རིག་སྟོབས་འཕེལ་བའི་ཡོ་བྱད་བཅས་གཙོ་བོར་བྱས་པའི་ནུས་མང་འགྲེམས་ཚོང་ཁུལ་ཡིན་པ་དང་། ས་འོག་གི་ཐོག་སོ་དང་པོ་ནི་རླངས་འཁོར་འཇོག་ས་ཡིན། 2024ལོའི་ཟླ་8པར་ལས་གཉེར་བྱེད་འགོ་ཚུགས་ཚུན། ལྷ་སའི་ལྟེ་བའི་དཔེ་གྲོང་དེ་ལྷ་ས་དང་ཐ་ན་ལྗོངས་ཡོངས་ཀྱི་རིག་གནས་མཚོན་རྟགས་ཤིག་ཏུ་རིམ་བཞིན་འགྱུར་བཞིན་ཡོད། ཉེ་ཆར། གསར་འགོད་པར་དཔེ་གྲོང་ནས་ཕྲུ་གུ་ནས་རྒན་རྒོན་བར་དང་། ས་གནས་དེ་གའི་གྲོང་མི་ནས་ས་ཆ་གཞན་གྱི་ཡུལ་སྐོར་བའི་བར་བཅས་ཚོགས་སྤྱི་མི་འདྲ་བའི་དཔེ་ཀློག་བྱེད་སྟངས་ལས་གངས་ལྗོངས་ས་མཐོའི་དཔེ་ཀློག་གི་རྣམ་པ་ཟབ་མོ་ཞིག་གྲུབ་ནས། ས་མཐོའི་དཔེ་གྲོང་དེར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་པ་མཐོང་བྱུང་།

དཔེ་གྲོང་གི་ཐོག་སོ་དང་པོའི་དཔེ་ཀློག་ཁུལ་དུ་ལུས་ལ་བོད་ཆས་གྱོན་པའི་རྒན་རྒོན་ཚོས་གྲོས་བསྡུར་བྱེད་བཞིན་མཆིས། དགུང་ལོ་68ལ་སླེབས་པའི་ཚེ་རིང་བཀྲ་ཤིས་ཀྱིས་མིག་ཤེལ་ཞིག་བཏགས་ནས《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང》གི་བར་བཅུག་རི་མོར་མཛུབ་མོ་བཙུགས་ཏེ། ལོ་ཆུང་དུས་རྒན་པ་ཚོའི་འགྲམ་ནས་གླིང་གེ་སར་རྒྱལ་པོའི་སྒྲུང་ཉན་མྱོང་ཡོད། ད་ཆ་དཔེ་དེབ་ནས་ཡིག་འབྲུ་རེ་རེ་བཞིན་ཀློག་ཐུབ་པས།སེམས་ཧ་ཅང་སྐྱིད་པོ་འདུག་ཅེས་བཤད།

དཔེ་གྲོང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། དཔེ་གྲོང་གི་བོད་ཡིག་དཔེ་དེབ་ནང་ལོ་རྒྱུས་དང་། རྩོམ་རིག ཚན་རྩལ་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་པར་མ་ཟད། ད་དུང་ཟླ་རེར་ཀློག་དེབ་སྣ་ཁ་བརྒྱ་ལྷག་ཙམ་མང་དུ་གཏོང་གི་ཡོད་པ་རེད།

ཐོག་སོ་གསུམ་པའི་ཕ་མ་བུ་ཕྲུག་གི་དཔེ་ཀློག་ཁུལ་ཧ་ཅང་འཁྲུག་ཆ་དོད་ཅིང་། དཔེ་སྒྲོམ་གྱི་འགྲམ་དུ་སློབ་ཆུང་སློབ་མ་ཚོས་ཡུལ་དངོས་སུ་བསྡད་དེ་ལ་ལས《བོད་ཀྱི་རྩི་ཤིང་གི་ཟིན་ཐོ་ཆུང་ངུ》ཞེས་པ་ཁྱེར་ནས་སྐད་ཤུགས་ཆུང་ངུས་བགྲོ་གླེང་བྱེད་པ་དང་། ལ་ལས་སྒྲོག་ཙེའི་མདུན་དུ་ཚོན་ཁྲ་ཅན་གྱི་སྨྱུ་གུའི་ཟིན་ཐོའི་དེབ་ནང་གི་ཤེས་བྱར་ལྟ་བཞིན་མཆིས། གྲོང་མི་བདེ་སྐྱིད་ཀྱིས། གཟའ་མཇུག་ཏུ་ཕྲུ་གུ་ཁྲིད་དེ་འདི་གར་ཡོང་རྒྱུ་དེ་གོམས་གཤིས་སུ་གྱུར་ཡོད། འདི་གའི་ལོ་ཆུང་བྱིས་པའི་ཀློག་དེབ་ལ་ཕུལ་བྱུང་གི་རིས་དེབ་ཡོད་ལ། བོད་ཀྱི་ཁྱད་ཆོས་ལྡན་པའི་གཏམ་རྒྱུད་ཀྱང་ཡོད་པས། ཕྲུ་གུ་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག་ཅེས་བཤད།

ཀློག་པ་པོར་སྟབས་བདེ་བསྐྲུན་ཆེད། དཔེ་གྲོང་གིས་ད་དུང་དམངས་ཕན་ཞབས་ཞུ་མང་པོ་བཏོན་པ་སྟེ། རིག་ནུས་ལྟ་སྐོར་མ་ལག་དང་གློག་རྡུལ་དཔེ་དེབ་ལྟ་ཀློག་ཡོ་བྱད་སོགས་ནང་འདྲེན་བྱས་ནས། ཀློག་པ་པོར་ཚན་རྩལ་གྱི་སྟབས་བདེ་མྱོང་ཚོར་ཐུབ་པར་བྱས་ཤིང་། ས་འོག་རླངས་འཁོར་འཇོག་ས་དང་། ཁྱད་ལྡན་ཀོག་ཧྥེ་ཁང་། རིག་གནས་གསར་གཏོད་ཐོན་རྫས་ཁུལ་བཅས་ཡོད་པ་དང་། ས་གནས་དེ་གའི་གྲོང་མི་ཡིན་ནའང་འདྲ། ཡང་ན་ཐག་རིང་ནས་ཡོང་བའི་ཡུལ་སྐོར་བ་ཚང་མས་དེ་གར་དཔེ་དེབ་ལྟ་བ་དང་རིག་གནས་ལ་མྱོང་རོལ་བྱེད་ཆོག་གི་ཡོད།

ལྟེ་བའི་དཔེ་གྲོང་ཕུད་ལྷ་སའི་ཁྱད་ལྡན་དཔེ་ཚོང་ཁང་གཞན་དག་ལ་ཡང་རང་རང་གི་ཁྱད་ཆོས་དམིགས་བསལ་ལྡན་ཡོད། རྔ་ཆེན་ཝན་ཏཱ་ཐང་ཆེན་གྱི་དབྱངས་བཞི་དེབ་ཁང་དུ་སློབ་ཆེན་སློབ་མ་སྒྲོལ་མས《རླུང་བུས་གཡོ་བའི་དབུས་གཙང》ཞེས་པའི་དེབ་ལྟ་བཞིན་དུ། དཔེ་དེབ་ནང་གི་བོད་ཀྱི་ལོ་རྒྱུས་ཧ་ཅང་གསོན་ཉམས་དོད་པོ་འདུག་པས། སློབ་ཁྲིད་ལས་ཀྱང་ཚོར་སྣང་ཟབ་པ་འདུག་ཅེས་བཤད།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-03 6 6 拉萨日报藏文 c212967.html 1 དཔེ་ཀློག་གི་སྒྲ་དབྱངས་གནའ་གྲོང་ནས་གྲགས། དཔེ་ཀློག་གི་གོམས་གཤིས་རང་རྒྱུད་དུ་འཇགས། /enpproperty-->