分享按钮

ལྷ་ས་གྲོང་ཁྱེར་གྱིས་ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བར་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱས་པས་འཕེལ་རྒྱས་ཀྱི་སྤུས་ཚད་དེ་བས་མཐོ་བ་དང་ཕན་འབྲས་དེ་བས་ཆེ་བ་བྱུང་བ།

(པར་ངོས་དང་པོར་མཐུད)གནམ་མཚོའི་དར་ཁ་ཕྱེ་བའི་ཉིན་མོའི་བྱེད་སྒོ་སྒྲིག་འཛུགས་ཞིབ་ཚགས་བྱས་པ། བརྩེ་བས་ཕྱུག་པའི་ལྷ་སའི་སྐྱིད་ཆུ་ཞེས་པའི་ཆུ་ཐོག་གི་མཚན་མོའི་ཡུལ་སྐོར་དང་ཆུ་ཤུར་རྫོང་འཇུན་པ་ཉ་པའི་གྲོང་ཚོ་སོགས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་རྣམ་གྲངས་ཁག་གཅིག་བདེ་བླག་ངང་བཏོད་པ། ཁྲུང་ཁྲུང་སྐེ་ནག་གྲོང་ཁྱེར་གྱི་མཚོན་རྟགས་བྱ་ལ་གཏན་འཁེལ་བྱས་པ། རྒྱལ་ཁབ་ཀྱི་A4རིམ་པའི་མཛེས་ལྗོངས་ཁུལ་4བདེ་བླག་ངང་འཛུཊ་གཏོད་བྱས་པ། དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ལྷ་སའི་ཡན་ལག་ཚོགས་རས་སྐར་མ་8ཀྱི་འཁྲབ་སྟོནལས་འཛམ་གླིང་ཡོངས་ཧང་སངས་བར་བྱས་པ་དང་བརྙན་འཕྲིན་ལྟ་ཚད་2025ལོའི་ཀྲུང་དབྱང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ལེ་ཚན་གྱི་ཨང་དང་པོར་སླེབས་པ། གངས་ལྗོངས་ས་མཐོའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱིས་ཡུལ་སྐོར་གྱི་སྣེ་ཁྲིད་ནུས་པ་མངོན་གསལ་དོད་དུ་ཕྱིན་པ། ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། འདི་ལོའི་ཚུན་དུ། གྲོང་ཁྱེར་ཡོངས་སུ་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་4900ལྷག་ཙམ་ལ་སྣེ་ལེན་ཞུས་ནས་བརྒྱ་ཆ་16འཕར་བ་དང་། ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་595ལས་བརྒལ་ནས་བརྒྱ་ཆ་14འཕར་ཡོད་པ་རེད།

དེ་དང་ཆབས་ཅིག་རང་གྲོངགིས་འབྱུང་འཕྲོད་བཟོ་ལས་ཀྱི་ཕན་ནུས་ཆེ་རུ་བཏང་བ་དང་། དངུལ་རྩའི་ཐོན་ལས་ཀྱིས་གཅིག་སྡུད་ལ་སྐུལ་འདེད་བཏང་བ། གྲངས་འཛིན་དཔལ་འབྱོར་གྱིས་འགྲན་རྩོད་ཀྱི་ཐབས་ལམ་བརྩོན་ལེན་བྱ་རྒྱུ་བཅས་ལ་སྐུལ་འདེད་ནུས་ལྡན་བཏང་ཞིང་། ཟླ་དང་པོ་ནས་བཅུ་པའི་བར། གཞི་ཁྱོན་ལྡན་པའི་བཟོ་ལས་ཁེ་ལས་11མང་དུ་བཏང་ནས་གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་རིན་ཐང་འཕར་མ་བརྒྱ་ཆ་15འཕར་རྒྱུར་སྐུལ་འདེད་བཏང་ཡོད། འདི་ལོའི་ཚུན་དུ། དངུལ་རྩའི་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་108.06ཟིན་ནས་བརྒྱ་ཆ་19.1འཕར་ཡོད། མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱི་གྲངས་འཛིན་དཔལ་འབྱོར་ཁེ་ལས་3187ཟིན་ཞིང་། གཞི་ཁྱོན་ཡན་གྱི་གྲངས་འཛིན་དཔལ་འབྱོར་གྱི་ཁེ་ལས་35ཟིན་པ་དང་། གཉེར་སྐྱོང་གི་ཡོང་འབབ་སྒོར་དུང་ཕྱུར་73ཟིན་པ། ཀ་རྟེན་ཆེན་པོ་གསུམ་གྱི་ཐོན་ལས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

ལྷ་ས་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས(གྲོང་ཁྱེར་གྲངས་འཛིན་དོ་དམ་ཅུས)ཀྱི་ཆ་འཕྲིན་ཅན་དང་གྲངས་འཛིན་དཔལ་འབྱོར་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་བསོད་ནམས་དབང་འདུས་ཀྱིས་ང་ཚོས་འཕྲིན་གཏོང་དྲ་རྒྱ་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་བས་འོད་སྐུད་དྲ་ཆེན་དང་། 4G 5Gབཅས་སྒུལ་བདེའི་དྲ་རྒྱ་ཁྱབ་ཚད་དང་གཏིང་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། ཐག་རིང་ལུང་ཁུག་གི་ས་ཁོངས་ཁག་གཅིག་ལའང་ཁྱབ་ཐུབ་པ་བྱུང་ནས་གྲངས་གཞི་སྣ་ཚོགས་ཁྱབ་གདལ་གཏོང་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད། ང་ཚོས་རང་གྲོང་གི་ཕུན་སུམ་ཚོགས་པའི་ནུས་རྒྱུ་སོགས་ཀྱི་ལེགས་ཆར་བརྟེན་ནས་རིག་གནས་དང་ཡུལ་སྐོར་ཐོན་ལས་ལ་དམ་པོར་དམིགས་པ་དང་། གྲངས་འཛིན་ཅན་བཀོལ་སྤྱོད་བྱེད་ས་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ཡོད། རྩིས་ནུས་ཐོན་ལས་དང་ས་གནས་འདི་གའི་གྲངས་འཛིན་ཁེ་ལས་ནང་འདྲེན་དང་སྐྱེད་སྲིང་ཧུར་ཐག་བྱས་པ་བརྒྱུད་དེ་གྲངས་འཛིན་དཔལ་འབྱོར་གྱི་འབོར་ཚད་ཆེ་རུ་བཏང་བ་དང་། གྲངས་འཛིན་ཐོན་ལས་སྐྱེད་སྲིང་བྱས་པར་ཕན་འབྲས་རགས་ཙམ་ཐོན་ཡོད།

འདི་ལོ། རང་གྲོང་གིས་གཙོ་གནད་ཐོག་ཞབས་ཞུའི་ཐོན་ལས་ལེགས་སུ་བཏང་དང་། རིག་གནས་ཐོན་ལས་ཀྱི་ཕན་འབྲས་ཆེ་རུ་བཏང་བ། ཞིང་འབྲོག་ཐོན་ལས་ཀྱི་ནུས་པ་དང་ཕན་འབྲས་ཆེ་རུ་བཏང་བ། ཕྱི་ཕྱོགས་ཚོང་དོན་གྱི་ནུས་པ་ཆེ་རུ་བཏང་བ་བཅས་བྱས་པ་དང་། ཐོན་ལས་ཆེན་པོ་དགུའི་གསོན་ཤུགས་དེ་བས་ཆེ་བ་དང་ཕན་འབྲས་དེ་བས་ལེགས་པ་བྱུང་ཡོད། ལྷ་ས་གྲོང་ཁྱེར་འདི་ཉིད་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཡིན་པའི་ངོས་ནས་ཕུན་སུམ་ཚོགས་པའི་རང་བྱུང་དང་རིག་གནས་ཀྱི་ཐོན་ཁུངས་ཡོད་པས་ཡུལ་སྐོར་བའི་ཡུལ་སྐོར་གྱི་ཉམས་ལེན་ཕུན་སུམ་ཚོགས་སུ་ཕྱིན་པར་མ་ཟད། ལྷ་ས་དང་ས་གནས་ཁག་དབར་གྱི་རིག་གནས་ཀྱི་འབྲེལ་བ་དེ་བས་ཟབ་ཏུ་ཕྱིན་ནས་གྲོང་ཁྱེར་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད།

དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ནི་ལྷ་སའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་གྱི་གྲས་ཤིག་རེད།《འུན་ཤིང་ཀོང་ཇོ》ཞེས་པའི་ཟློས་གར་ནང་འུན་ཤིང་ཀོང་ཇོ་དང་སྲོང་བཙན་སྒམ་པོའི་གཉེན་འབྲེལ་གྱི་ལོ་རྒྱུས་གཙོ་དོན་དུ་བྱས་ནས་བོད་ཀྱི་མི་རིགས་མང་པོའི་རིག་གནས་དང་། ཡུལ་སྲོལ། རང་བྱུང་མཛེས་ལྗོངས་བཅས་མངོན་པར་བྱས་ཡོད་པ་དེའི་ནང་མངོན་མིན་རིག་གནས་ཤུལ་བཞག་རིགས་བཅུ་གྲངས་ཚུད་ཡོད་པས་ལྟད་མོ་བར་རིག་གནས་ཀྱི་གསོལ་སྟོན་གཟབ་རྒྱས་གཅིག་མཇུག་གཉིས་མཐུད་ངང་བཤམས་ཡོད།

ལྷ་ས་གྲོང་ཁྱེར་མཛེས་མཐུན་པོ་ཏ་ལ་རིག་གནས་གསར་གཏོད་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་ལི་ཝུན་པིང་གིས་འབྱུང་འགྱུར་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྔར་བས་སྐུལ་འདེད་བཏང་སྟེ། རིག་གནས་ལ་བརྟེན་ནས་ཡུལ་སྐོར་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་ཁྱབ་སྤེལ་ལ་རམ་འདེགས་བྱ་རྒྱུ་ཡིན། དེ་དང་ཆབས་ཅིག་རིག་གནས་ཡུལ་སྐོར་ཐོན་རྫས་རྒྱུན་མཐུད་ངང་གསར་གཏོད་བྱས་ནས་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོ་རུ་ཧུར་ཐག་གཏོང་བ་དང་། མཛེས་ལྗོངས་ཁུལ་གྱི་མཐའ་འཁོར་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། ཞབས་ཞུ་མི་སྣའི་ཆེད་ལས་ཀྱི་བྱང་ཚད་དང་ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཡུལ་སྐོར་བར་དེ་བས་སྟབས་བདེ་བ་དང་། སྐྱིད་སྣང་དོད་པ། རང་གཤིས་ཅན་བཅས་ཀྱི་ཞབས་ཞུའི་ཉམས་ལེན་གཏོད་རྒྱུ་ཡིན་ཞེས་བཤད།

འདི་ལོའི་ཚུན་དུ། རང་གྲོང་གིས་ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བར་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱས་ཏེ། ལྷ་སའི་ཁྱད་ཆོས་ལྡན་པའི་གཙོ་ཁྲིད་གཅིག་དང་། ཀ་རྟེན་ཆེན་པོ་གསུམ། ཐོན་ལས་ཆེན་པོ་དགུ་ཞེས་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྤྱིར་ན་གྲུབ་ཡོད། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་གྲོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་753.91ཟིན་ནས་བརྒྱ་ཆ་7.1འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་47525དང་སྒོར་17320ཁག་སོ་སོར་ཟིན་ནས་བརྒྱ་ཆ་5.9དང་བརྒྱ་ཆ་7.5ཁག་སོ་སོར་འཕར་བ་དང་། གྲོང་ཁྱེར་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤུས་ཚད་དེ་བས་མཐོ་བ་དང་ཕན་འབྲས་དེ་བས་ཆེ་བ་ཡོད་པ་རེད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-02 6 6 拉萨日报藏文 c212946.html 1 ལྷ་ས་གྲོང་ཁྱེར་གྱིས་ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བར་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱས་པས་འཕེལ་རྒྱས་ཀྱི་སྤུས་ཚད་དེ་བས་མཐོ་བ་དང་ཕན་འབྲས་དེ་བས་ཆེ་བ་བྱུང་བ། /enpproperty-->