ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ལྕི་བའི་བཟོ་ལས་ཚོགས་པ་མ་རྐང་ཚད་ཡོད་ཀུང་སི་དང་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང(བོད་ལྗོངས་ས་མཐོའི་གསོ་རིག་ཞིབ་འཇུག་སུའོ)གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་རང་རྒྱལ་གྱི་ས་མཐོའི་ས་བབ་དམའ་བའི་སྐྲུན་དངོས་དང་ནུས་པ་གཅིག་པའི་ཁང་པའི་ནང་འཚོ་སྡོད་བྱེད་པའི་མིའི་བདེ་ཐང་གི་གསོ་རིག་ཞིབ་འཇུག་གི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་རིགས་གཅིག་མཁས་ཅན་གྱི་རིགས་པས་ཁུངས་སྐྱེལ་ཚོགས་འདུ་སྐབས་དང་པོ་ལྷ་སར་འཚོགས་པ་རེད། རིགས་པས་ཁུངས་སྐྱེལ་ཚོགས་འདུའི་ཐོག་ས་མཐོའི་ས་བབ་དམའ་བའི་ཁང་པར་དམིགས་པའི་གོ་ལ་ཧྲིལ་པོའི་མ་ལག་རང་བཞིན་གྱི་ནད་ཐོག་གསོ་རིག་གི་ཞིབ་འཇུག་གྲུབ་འབྲས་ཐོག་མ་ཁྱབ་བསྒྲགས་བྱས་པ་དེའི་ཐོག་ནས་རང་རྒྱལ་གྱིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ས་མཐོའི་འཚོ་སྡོད་ཁོར་ཡུག་རང་འགུལ་ངང་ལེགས་སུ་བཏང་བར་ཚད་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་མཚོན་ཡོད།
ཚོགས་འདུའི་ཐོག་རྣམ་གྲངས་གསོ་རིག་གི་འགན་འཁུར་བ་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ། བོད་ལྗོངས་ས་མཐོའི་གསོ་རིག་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་བཅས་ཡིན་པའི་སྐལ་བཟང་ནོར་བུས་ཁྱབ་བསྒྲཊ་བྱས་པའི་ལྟེ་བའི་ཞིབ་འཇུག་གྲུབ་འབྲས་ལས་མངོན་པར། དུས་ཡུན་ལོ་གཉིས་ཀྱི་ནད་ཐོག་སྨན་བཅོས་ཀྱི་ཞིབ་འཇུག་དེས་ཚན་རིག་དང་མཐུན་པའི་ཚད་གཞིར་བརྩི་སྲུང་ནན་པོ་ཞུས་པ་དང་། སྐབས་བསྟུན་ཞིབ་བསྡུར་ཚོད་ལྟ་ཞིབ་འཇུག་བྱས་པ་བརྒྱུད། བོད་ཀྱི་ལྕགས་ལམ་འཛུགས་སྐྲུན་ལྗིད་བའི་བཟོ་ལས་ཀྱི“ས་མཐོའི་བར་སྣང་ས་ཚིགས”ཀྱིས་བསྐྲུན་པའི་ས་བབ་དམའ་བའི་རླུང་གནོན་ཤུགས་ཆུང་བའི་ཁོར་ཡུག་ལས་ས་མཐོར་གནས་སྤོས་བྱས་པའི་མིའི་བདེ་ཐང་གནས་ཚུལ་མངོན་གསལ་དོད་པོས་ལེགས་སུ་འགྲོ་བ་ར་སྤྲོད་བྱུང་ཡོད། ཞིབ་འཇུག་བྱས་འབྲས་ལས་མངོན་པར་ཁོར་ཡུག་དེས་བདེ་འཇགས་ལ་འགན་ལེན་བྱས་པ་དང་ཆབས་ཅིག་ཏུ་ཕྲ་ཕུང་དམར་པོ་དང་ཁྲག་དམར་སྤྲི་དཀར་གྱི་འཕར་ཚད་ནུས་ལྡན་ངང་ཞི་ལྷོད་དུ་བཏང་བ་དང་། ཁྲག་ཤེད་དམའ་རུ་བཏང་བ། གཉིད་ཉལ་བའི་སྤུས་ཚད་ལེགས་སུ་བཏང་བ་བཅས་བྱས་པ་མ་ཟད། ཁྲག་གི་གསོ་རླུང་མངོན་གསལ་དོད་པོས་མཐོ་རུ་བཏང་ཡོད། ཞིབ་འཇུག་གིས་ད་དུང་ཨར་སྐྲུན་ནང་ཁུལ་གྱི་རླུང་གནོན་འོས་འཚམ་དང་། རླུང་གནོན་བསྣན་པའམ་ཡང་ན་རླུང་གནོན་གཅོག་པའི་མྱུར་ཆོད་སོགས་འགག་རྩའི་དཔྱད་གྲངས་ལ་ལྟེ་བའི་གསོ་རིག་གི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ནད་ཐོག་སྨན་བཅོས་ཀྱི་གྲངས་གཞིར་གཞིགས་ན། ཐོན་རྫས་ལ་ལག་རྩལ་རིམ་སྤོར་བྱུང་ནས་རླུང་གནོན་བརྟན་པོ་དང་། དབྱང་རླུང་བརྟན་པོ། དྲོད་ཚད་བརྟན་པོ། རླན་གཤེར་བརྟན་པོ། གཙང་བ་བརྟན་པོ། དྭངས་བ་བརྟན་པོ་བཅས“བརྟན་པོ་དྲུག”གི་བདེ་ཐང་ཁོར་ཡུག་བསྐྲུན་ཡོད། མིག་སྔར“ས་མཐོའི་བར་སྣང་ས་ཚིགས”དེ་མཐའ་སྲུང་སོ་ལྟ་ཁང་དང་། ཚན་རིག་རྟོག་ཞིབ་ས་ཚིགས། ཡུལ་སྐོར་ཁུལ། གཞི་རིམ་སྨན་བཅོས་ས་ཚིགས་སོགས་རྣམ་པ་མང་པོ་གྲུབ་འབྲས་ཐོབ་པའི་ངང་སྤྱད་དེ་ས་མཐོའི་དམངས་འཚོར་སྲུང་སྐྱོང་ནུས་ལྡན་བྱས་ཡོད།
ད་ཐེངས་ཀྱི་རིགས་པས་ཁུངས་སྐྱེལ་ཚོགས་འདུའི་ཐོག་བོད་དང་། མཚོ་སྔོན། ཏ་ལེན། པེ་ཅིང་སོཊ་ས་མཐོའི་གསོ་རིག་དང་དེ་བཞིན་ཨར་སྐྲུན་ཁོར་ཡུག་ཐད་ཀྱི་རིགས་གཅིག་མཁས་ཅན་གདན་ཞུ་བྱས་ཡོད། རིགས་གཅིག་མཁས་ཅན་ཚོས་ཞིབ་འཇུག་དེར་རིག་གཞུང་གི་རིན་ཐང་གལ་ཆེན་ལྡན་པ་མ་ཟད། ས་མཐོའི་མི་ཚོགས་ཀྱི་བདེ་ཐང་འགན་ལེན་འཚོལ་ཞིབ་ཐད་གསར་གཏོད་རང་བཞིན་ལྡན་པའི་སྨན་དོན་དང་བཟོ་པའི་སྣོལ་སྡེབ་ཇུས་གཞི་མཁོ་འདོན་བྱས་ཡོད་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་རེད།
ད་ཐེངས་ཀྱི་རིགས་པས་ཁུངས་སྐྱེལ་ཚོགས་འདུ་འཚོགས་པ་དེས་དུས་མཚམས་རང་བཞིན་གྱི་ཞིབ་འཇུག་གྲུབ་འབྲས་ཀྱི་ཆེད་ལས་ཞིབ་དཔྱད་དང་གཅིག་སྡུད་འགྲེམས་སྟོན་བྱས་པ་མ་ཟད། ས་མཐོའི་འཚོ་སྡོད་བདེ་ཐང་གསོ་རིག་ཞིབ་འཇུག་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བའི་འགག་རྩའི་གོམ་སྟབས་ཤིག་ཀྱང་རེད། བོད་ཀྱི་ལྕགས་ལམ་འཛུགས་སྐྲུན་ལྕི་བའི་བཟོ་ལས་ཀྱིས་ཚན་ཞིབ་སྒྲིག་གཞི་དང་སྨན་བཅོས་སྒྲིག་གཞིའི་དབར་གྱི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ཐོན་རྫས་ཀྱི་ལག་རྩལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། བཀོལ་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས“ས་མཐོའི་བར་སྣང་ས་ཚིགས”ཀྱི་གསར་གཏོད་ཐོན་རྫས་དེས་ས་མཐོའི་མི་འཚོ་སྡོད་བདེ་ཐང་ལེགས་སུ་འགྲོ་རྒྱུར་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུར་སྐུལ་འདེད་གཏོང་བ་དང་། “ས་མཐོར་གཞིས་ཆགས་པ་དང་ཐང་གཤོངས་སུ་འཚོ་བ་སྐྱེལ་བའི”ཕུགས་བསམ་གྱི་དམིགས་ཚད་མངོན་འགྱུར་ཡོང་རྒྱུར་རམ་འདེགས་བྱས་ཏེ་ཚན་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས་ས་མཐོར་འཚོ་སྡོད་བྱ་རྒྱུར་འཚམ་པའི་འབྱུང་འགྱུར་ལ་འགྱུར་ལྡོག་གཏོང་རྒྱུ་རེད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社