ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་26ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོའི་རྒྱལ་ཁབ་ཀྱི་གཅིག་གྱུར་བཅའ་ཁྲིམས་ལས་རིགས་ཐོབ་ཐང་གི་རང་ངོས་ནས་ལན་འདེབས་པའི་འདྲི་གཞིའི་ཡིག་རྒྱུགས་ཀྱི་རྒྱུགས་འབྲས་ཁྱབ་བསྒྲགས་བྱས་ཟིན་པ་དང་། རྒྱུགས་སྤྲོད་མཁན་གྱིས་ཟླ་11ཚེས་26ཉིན་གྱི་ཆུ་ཚོད་0ནས་བཟུང་ཁྲིམས་འཛིན་པུའི་གཞུང་ཕྱོགས་དྲ་བ་དང་། ཁྲིམས་འཛིན་པུའི་འཕྲིན་ཕྲན་སྤྱི་སྟེགས། དེ་བཞིན་ཀྲུང་གོའི་ཁྲིམས་ལུགས་ཁྱབ་གདལ་འཕྲིན་ཕྲན་སྤྱི་སྟེགས་སོགས་བརྒྱུད་ནས་རང་ཉིད་ཀྱི་རྒྱུགས་འབྲས་འདྲི་རྩད་བྱེད་ཆོག་པར་མ་ཟད། ཁྲིམས་འཛིན་པུའི་གཞུང་ཕྱོགས་དྲ་བ་ཐོ་འགོད་བྱས་ཏེ་རྒྱུགས་འབྲས་པར་སློག་བརྒྱབ་ཆོག གལ་ཏེ་རང་ངོས་ནས་ལན་འདེབས་པའི་འདྲི་གཞིའི་ཐད་གནད་དོན་ཡོད་ན། རྒྱུགས་སྤྲོད་མཁན་གྱིས་རྒྱུགས་འབྲས་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ཉིན་བཅོ་ལྔའི་ནང་མིང་ཐོ་འགོད་ཡུལ་གྱི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ལ་ཡིག་ཐོག་ནས་ཞིབ་བཤེར་བྱ་རྒྱུའི་རེ་ཞུ་བྱས་ཆོག་གི་རེད།
བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་བཅའ་ཁྲིམས་ལས་རིགས་ཐོབ་ཐང་དོ་དམ་ཁྲུའུ་ཡི་ལས་དོན་པས་ངོ་སྤྲོད་བྱས་པར་གཞིགས་ན། 2025ལོའི་རྒྱལ་ཁབ་ཀྱི་གཅིག་གྱུར་བཅའ་ཁྲིམས་ལས་རིགས་ཐོབ་ཐང་གི་རང་ངོས་ནས་ལན་འདེབས་པའི་འདྲི་གཞིའི་ཡིག་རྒྱུགས་ཀྱི་ཚད་གཞི་ལོན་པའི་སྐར་གྲངས་གཏན་འབེབས་བྱས་ཡོད། རྒྱལ་ཡོངས་ཀྱི་གཅིག་གྱུར་གྱི་ཚད་གཞི་ལོན་པའི་སྐར་གྲངས་དམའ་ཤོས་སྐར་མ་108ཡིན། དེ་དང་ཆབས་ཅིག་ཏུ་ས་ཁུལ་གྱི་ཁྱད་པར་དང་ཤེས་ལྡན་མི་སྣའི་དགོས་མཁོར་ལྟ་རྟོག་བྱ་ཆེད། བོད་རང་སྐྱོང་ལྗོངས་ས་ཁུལ་གྱི་ཚད་གཞི་ལོན་པའི་སྐར་གྲངས་དམའ་ཤོས་སྐར་མ་85ཡིན་པ་རེད། གཞན་ཡང་། བོད་ཡིག་གི་ལམ་ནས་རྒྱུགས་སྤྲོད་མཁན་རྣམས་ལ་ཚད་གཞི་ལོན་པའི་སྐར་གྲངས་ཀྱི་ཚད་གཞི་ལོགས་སུ་གཏན་འཁེལ་བྱས་པའི་ཐོག་ནས་མི་རིགས་ཀྱི་སྐད་ཡིག་དང་ས་ཁུལ་གྱི་ཁྱད་ཆོས་ལ་བརྩི་འཇོག་དང་རྒྱབ་སྐྱོར་བྱེད་པ་མཚོན་གྱི་ཡོད། 2024ལོའམ་2025ལོའི་རྒྱལ་ཁབ་ཀྱི་གཅིག་གྱུར་བཅའ་ཁྲིམས་ལས་རིགས་ཐོབ་ཐང་གི་རང་ངོས་ནས་ལན་འདེབས་པའི་འདྲི་གཞིའི་ཡིག་རྒྱུགས་བརྒྱུད་ནས་2025ལོའི་རང་ངོས་ནས་ལན་འདེབས་པའི་འདྲི་གཞིའི་ཡིག་རྒྱུགས་ཀྱི་ཚད་གཞི་ལོན་པར་མ་ཟད་ཆ་རྐྱེན་དང་མཐུན་པའི་མི་སྣར་ཁྲིམས་འཛིན་པུའུ་ཡིས་བཅའ་ཁྲིམས་ལས་རིགས་ཐོབ་ཐང་དང་དཔང་ཡིག་ལག་ཁྱེར་སྤྲོད་རྒྱུ་ཡིན་པ་རེད། བཅའ་ཁྲིམས་ལས་རིགས་ཐོབ་ཐང་སྤྲོད་པའི་རེ་ཞུ་དེ་དུས་རིམ་གཉིས་སུ་དབྱེ་ནས་སྤེལ་རྒྱུ་རེད། ཐོག་མར། རེ་ཞུ་བྱེད་མཁན་གྱིས་2025ལོའི་ཟླ་12ཚེས་1ཉིན་གྱི་ཆུ་ཚོད་8པ་ནས་བཟུང་ཟླ་12ཚེས་5ཉིན་གྱི་ཆུ་ཚོད་24བར་ཁྲིམས་འཛིན་པུའི་གཞུང་ཕྱོགས་དྲ་བའམ་ཡང་ན་ཁྲིམས་འཛིན་པུའི་སྲིད་དོན་ཞབས་ཞུའི་ལས་སྟེགས་སུ་ཐོ་འགོད་བྱས་ཏེ་རེ་ཞུའི་ཆ་འཕྲིན་ཐོ་འགོད་བྱེད་པ་དང་འབྲེལ་བདག་སྤྲོད་བྱ་ཡུལ་འདེམས་དགོས(མིང་ཐོ་འགོད་ཡུལ་དང་། ཐེམ་ཐོ་གནས་ཡུལ། ལས་ཀ་བྱེད་སའམ་འཚོ་བ་སྐྱེལ་སའི་ས་ཁུལ་དང་གྲོང་ཁྱེར་རིམ་པའི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་འདེམས་ཆོག) དེ་རྗེས། རེ་ཞུ་བྱེད་མཁན་གྱིས་ངེས་པར་དུ་2025ལོའི་ཟླ་12ཚེས་22ཉིན་ནས་བཟུང་ཟླ་12ཚེས་28ཉིན་བར་འབྲེལ་ཡོད་དཔྱད་ཡིག་ཁྱེར་ནས་བདམས་ཟིན་པའི་བདག་སྤྲོད་ལས་ཁུངས་ཀྱི་དམིགས་འཛུགས་བྱ་ཡུལ་དུ་བསྐྱོད་དེ་ཡུལ་དངོས་སུ་འདོན་སྤྲོད་དང་གཏན་འཁེལ་བྱེད་དགོས། ལྷོད་ཡངས་སྲིད་ཇུས་ལོངས་སྤྱོད་བྱེད་མཁན་གྱིས་རྩ་བའི་ཆ་ནས་ཐེམ་ཐོ་གནས་ཡུལ་གྱི་ས་ཁུལ་དང་གྲོང་ཁྱེར་རིམ་པའི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་བདམས་ནས་རེ་ཞུ་བྱེད་དགོས།
ཤེས་རྟོགས་བྱུང་བར་གཞིགས་ན། རེ་ཞུ་བྱེད་མཁན་གྱིས་ཡུལ་དངོས་སུ་འདོན་སྤྲོད་བྱེད་དགོས་པའི་དཔྱད་གཞིའི་ཡིག་ཆའི་ནང་གྲོང་མིའི་ཐོབ་ཐང་ལག་ཁྱེར་དང་། སྲིད་ཇུས་ལྷུག་གཏོང་གི་ཆ་རྐྱེན་དང་མཐུན་པའི་ཐེམ་ཐོའི་མ་དེབ། མཐོ་རིམ་སློབ་གྲྭའི་སློབ་གཉེར་བརྒྱུད་རིམ་དང་བསླབ་གནས་ལག་ཁྱེར་མ་ཡིག་སོགས་ཚུད་ཡོད་པ་རེད། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་དཔྱད་གཞིའི་ཡིག་རིགས་ལ་ཞིབ་བཤེར་བྱ་རྒྱུ་དང་གཅིག་གྱུར་བདག་སྤྲོད་བྱེད་པའི་དུས་ཚོད་ནི་2025ལོའི་ཟླ་12ཚེས་29ཉིན་ཡིན་པ་རེད། མི་ཤེས་པའི་དོན་དག་གཞན་དག་འཕྲད་ཚེ། རེ་ཞུ་བྱེད་མཁན་གྱིས་བོད་ལྗོངས་བཅའ་ཁྲིམས་ཡིག་རྒྱུགས་ཀྱི་ཐད་སྦྲེལ་ཁ་པར་0891-6500684བརྒྱུད་ནས་བློ་འདྲི་བྱས་ཆོག་གི་རེད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社