མི་རིང་བའི་གོང་། རྒྱལ་ཡོངས་རྒན་རྒོན་ལས་དོན་ཨུ་ལྷན་གཞུང་དོན་ཁང་གིས་གཟེངས་བསྟོད་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། རང་གྲོང་གི་ལྷུན་གྲུབ་རྫོང་དམངས་སྲིད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་གཞོན་པ་སྐལ་བཟང་བདེ་སྐྱིད་ལ་རྒྱལ་ཡོངས་ཀྱི་རྒན་བཀུར་རྒན་གཅེས་ཀྱི་དཔེ་བཟང་བའི་གཟི་བརྗིད་མཚན་སྙན་དེ་ཐོབ་ཡོད།
རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་དེ་ནི་སྐལ་བཟང་བདེ་སྐྱིད་མི་སྒེར་གྱིས་བརྩེ་སེམས་ཟབ་མོ་བཅངས་ནས་ལས་དོན་ཧུར་ཐག་སྒྲུབ་པར་ཁས་ལེན་གང་ལེགས་གནང་བ་ཞིག་པར་མ་ཟད། སྐལ་བཟང་བདེ་སྐྱིད་དང་འདྲ་བའི་རྒན་གསོའི་བྱ་གཞག་ལ་འབད་འཐབ་བྱེད་མཁན་ཚོར་སྐུལ་ལྕག་བྱས་པ་ཞིག་ཀྱང་ཡིན།
ཞོགས་པའི་ཉི་གཞོན་ཤར་རིའི་རྩེ་ནས་ལྷུན་གྲུབ་རྫོང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་ཀྱི་སྒོ་རའི་ནང་འཕྲོས་ཤིང་། སྐལ་བཟང་བདེ་སྐྱིད་ཀྱིས་ཕུ་ཐུང་བརྫེས་ནས་རྒན་རྒོན་ཚོ་དང་མཉམ་དུ་རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་རྐང་ལག་བརྐྱངས་སྐུམ་བྱས་ཏེ་ལུས་སྦྱོང་བྱེད་འགོ་ཚུགས་ཤིང་། ལུས་སྦྱོང་བྱེད་ཀྱིན་དུ་རྒན་རྒོན་ཚོར་གད་མོ་ཡང་ཡང་སློང་གི་ཡོད་པས། སྒོ་ར་ཡོངས་སུ་དགའ་སྤྲོའི་དགོད་སྒྲས་ཁེངས་ཡོད། ལུས་སྦྱོང་བྱས་རྗེས་སྐལ་བཟང་བདེ་སྐྱིད་སླར་ཡང་ཁང་པའི་ནང་འཛུལ་ནས་རྒན་རྒོན་ཚོ་དང་མཉམ་དུ་ཅི་འཕྲོས་མོལ་འཕྲོས་བྱས་ནས་ཁོང་ཚོའི་དཀའ་ངལ་དང་རེ་སྒུག་ཐད་རྒྱུས་ལོན་བྱེད་ཀྱི་ཡོད། དྲོ་སྐྱིད་ལྡན་ཞིང་བྲེལ་འཚུབ་ཆེ་བའི་རྣམ་པ་དེ་དག་ནི་ཁོང་གིས་དུས་ཡུན་རིང་པོའི་ནང་རྒན་གསོའི་འཐབ་ས་མདུན་མར་གཞི་ཚུགས་པའི་རྒྱུན་གཏན་གྱི་རྣམ་པ་ཞིག་ཡིན།
སྐལ་བཟང་བདེ་སྐྱིད་ཀྱིས་2022ལོར་རྫོང་དམངས་སྲིད་ཅུས་ཀྱི་འགན་འཁུར་བ་བྱས་པ་ནས་བཟུང་། ངས་རྒན་རྒོན་གྱི་བསམ་བློ་དང་རེ་སྒུག་ཐད་རྒྱུས་ལོན་ཧུར་ཐག་བྱས་ནས་ཁོང་ཚོའི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱེད་ཀྱི་ཡོད། ད་ཐེངས་རྒྱལ་ཡོངས་ཀྱི་རྒན་བཀུར་རྒན་གཅེས་ཀྱི་དཔེ་བཟང་བའི་མཚན་སྙན་ཐོབ་པ་དེ་ནི་གཟི་བརྗིད་ལྡན་པ་ཞིག་རེད་ལ། གཟི་བརྗིད་མཚན་སྙན་དེའི་རྒྱབ་ཏུ་འགན་འཁྲི་དང་ལས་འགན་དེ་བས་ལྕི་བ་ཡོད་པ་གསལ་པོར་ཤེས་ཀྱི་ཡོད་ཅེས་བཤད།
སྐལ་བཟང་བདེ་སྐྱིད་ལ་རྒྱལ་ཡོངས་ཀྱི་རྒན་བཀུར་རྒན་གཅེས་ཀྱི་དཔེ་བཟང་བའི་མཚན་སྙན་ཐོབ་པར་མ་ཟད། ཁོང་གི་སྣེ་ཁྲིད་འོག ལྷུན་གྲུབ་རྫོང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་ལའང་རྒྱལ་ཡོངས་ཀྱི་ཤེས་དཔལ་ལྡན་པའི་རྒན་བཀུར་གྱི་མཚན་སྙན་ཐོབ་ཡོད།
སྒྱུར་བཀོད་བྱས་རྗེས་ཀྱི་ཞབས་ཞུའི་ལྟེ་གནས་སུ་སྐྱོད་སྐབས། སྐྲ་བཞར་ཁང་དང་། དྲག་སྐྱེད་ཁང་། ལག་ཤེས་བཟོ་ལས་ཁང་སོགས་འཚོ་བའི་མཁོ་གལ་ཆེ་བ་ཚང་མ་ཡོད། གསར་འགོད་པར་དེ་གར་དཀར་ཆ་དོད་པའི་ཁོར་ཡུག་དང་སྙིང་ཉེ་བའི་སྒྲིག་བཀོད་ཡོད་པར་མ་ཟད། མི་སེམས་ལ་དྲོ་སྐྱིད་སྦྱིན་པའི་རྣམ་པ་མང་པོ་ཡོད་པ་དོ་སྣང་བྱུང་། ལག་སྐྱོར་གྱི་མཐོ་ཚད་དང་། གདོང་ཐུག་སྔོན་འགོག་གི་མཉེན་གདན། གེགས་མེད་བགྲོད་ལམ། འཕྲལ་སྡོམ་སྒྲིག་བཀོད་བཅས་གང་ཞིག་ཡིན་རུང་དེ་དག་ཚང་མའི་ཐོག་ནས་སྐལ་བཟང་བདེ་སྐྱིད་ཀྱིས་རྒན་རྒོན་དང་འཚམ་པའི་འདུ་ཤེས་ལག་ལེན་བསྟར་བ་མཚོན་གྱི་ཡོད། གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་འདི་གའི་འཚོ་བ་ཕུན་སུམ་ཚོགས་ཤིང་། མི་རྣམས་སེམས་རྩ་འཁོལ་པོ་ཡོད་པས། སོས་དལ་བག་ཕེབས་ཀྱི་རྣམ་པ་ཞིག་ངམ་ངམ་ཤུགས་ཀྱིས་ཚོར་གྱི་ཡོད།
ལྷུན་གྲུབ་རྫོང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་ཀྱི་ཞབས་ཞུ་བྱ་ཡུལ་ཚེ་རིང་བཀྲ་ཤིས་ཀྱིས་ང་2022ལོར་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་སུ་སླེབས་པ་དང་། རང་ཉིད་གླུ་གར་ལ་ཧ་ཅང་དགའ་པོ་ཡོད། དུས་རྒྱུན་རྒན་རྒོན་ཁ་ཤས་དང་མཉམ་དུ་ཞབས་བྲོ་འཁྲབ་ཀྱི་ཡོད་པས། སེམས་ནང་ཧ་ཅང་སྐྱིད་པོ་འདུག ཁ་ལག་ཐད་ཞོགས་པའི་ཆུ་ཚོད་10པར་ལུས་སྦྱོང་བྱས་རྗེས། ཇ་དང་མེན་པའོ་སོགས་ཡོད་པ་དང་། ཉིན་དགུང་ཚལ་སྣ་ཁ་གསུམ་ཙམ་ཡོད། དེ་བཞིན་ཕྱི་དྲོའི་ཆུ་ཚོད་ལྔ་དང་ཕྱེད་ཀར་ཁ་ལག་ཐེངས་གཅིག་ཡོད་པ་དང་། དགོང་མོའི་ཆུ་ཚོད་བདུན་དང་ཕྱེད་ཀར་ཐུག་པའི་རིགས་སྣ་ཚོགས་ཡོད། འདི་དག་ཚང་མ་ནི་ཏང་དང་རྒྱལ་ཁབ་ཀྱི་ཐུགས་རྗེའི་བཀའ་དྲིན་ལས་བྱུང་བ་ཤ་སྟག་ཡིན་པ་ངས་གསལ་པོར་ཤེས་ཀྱི་ཡོད་པས། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
རྒན་གསོའི་ཐད་གཞི་རྩ་འགན་ལེན་བྱེད་དགོས་པར་མ་ཟད། དེ་བས་ཀྱང་མི་སེམས་ལ་དྲོ་སྐྱིད་སྦྱིན་དགོས། ལག་ནང་གི་ལས་ཀ་གནས་སྐབས་ཚར་རྗེས། སྐལ་བཟང་བདེ་སྐྱིད་སླར་ཡང་ལག་ཤེས་བཟོ་ལས་ཁང་དུ་ལག་ཤེས་རུ་ཁག་གི་རྒན་རྒོན་ཚོ་དང་མཉམ་དུ་ཆུ་ཤེལ་མེ་ཏོག་བཟོ་བར་སླེབས་ཡོད། ཁོང་ཚོའི་རྒྱབ་ཏུ་དུས་ཡུན་ཉིན་14སྤྱད་དེ་བཟོས་པའི་ཆུ་ཤེལ་གྱི་རྒྱ་སེ་མེ་ཏོག་999ལས་གྲུབ་པའི་རྒྱལ་དར་དང་ཏང་དར་དེ་དག་ལག་ཤེས་བཟོ་ལས་ཁང་གི་མངོན་གསལ་དོད་ཤོས་ཀྱི་གནས་སུ་བཞག་ཡོད་ཅིང་། དེ་ལས་ཚང་མས་ཏང་ལ་བཅངས་པའི་བཀའ་དྲིན་མཚོན་གྱི་ཡོད། ལག་ཤེས་རུ་ཁག་དང་རྒན་རྒོན་ཞབས་བྲོ་རུ་ཁག་ནི་སྐལ་བཟང་བདེ་སྐྱིད་ཀྱིས་རྒན་རྒོན་གྱི་ཁྱད་ཆོས་ལ་གཞིགས་ནས་ཆེད་མངགས་བཙུགས་པ་ཞིག་ཡིན་པ་དང་། དེས་རྒན་རྒོན་གྱི་རྒྱུན་གཏན་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་ཆབས་ཅིག་ཁོང་ཚོས་མི་སྒེར་གྱི་རིན་ཐང་འདོན་སྤེལ་བྱས་ནས་རྒས་དུས་སྤྲོ་སྣང་ལྡན་པ་དང་རྒས་དུས་ལས་རྒྱུ་ཡོད་པར་བྱེད་ཀྱི་ཡོད།
རྣམ་ཀུན་སྐལ་བཟང་བདེ་སྐྱིད་ཀྱིས་རྟག་ཏུ་ངལ་གསོའི་དུས་ཚོད་བློས་བཏང་ནས། ལས་རོགས་འཁྲིད་དེ་མི་ཧྲེང་རྒན་རྒོན་ལ་ལྟ་བར་འགྲོ་བ་དང་། འཚོ་བའི་སྐྱིད་སྡུག་གླེང་ཞོར་དུ་སྲིད་ཇུས་དྲིལ་བསྒྲགས་བྱེད་ཀྱི་ཡོད་པས། རྒན་རྒོན་ཚོའི་སེམས་ནང་དྲོ་སོབ་སོབ་ཀྱི་སྣང་བ་སྦྱིན་གྱི་ཡོད། ཁོང་གི་སྣེ་ཁྲིད་འོག ཚན་པའི་ནང་ཏང་འཛུགས་སྐྱོང་དང་རྒན་གསོའི་ཞབས་ཞུ་ཟུང་དུ་འབྲེལ་བའི་ཁྱད་ལྡན་རྣམ་པ་ཞིག་ཆགས་པ་དང་། ཚང་མས་དུས་བཀག་ལྟར་རྒན་གསོའི་སྒྲིག་གཞིར་དང་བླངས་ཞབས་ཞུ་སྣ་ཚོགས་སྤེལ་ནས། རྒན་རྒོན་ཚོར་སྤྱི་ཚོགས་ཁྱིམ་ཚང་ཆེན་མོའི་དྲོ་སྐྱིད་ཚོར་བ་བྱེད་ཀྱི་ཡོད།
བཀྲ་རྡོར་ནི་ལྷུན་གྲུབ་རྫོང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་ཀྱི་དོ་དམ་པ་ཞིག་ཡིན། ཁོང་གིས་གསར་འགོད་པར་ལོ་འདི་དག་རིང་ཞབས་ཞུའི་ལྟེ་གནས་ཀྱི་རྒན་རྒོན་གྱི་འཚོ་བ་དང་འགྲོ་འདུག་སྤྱོད་གསུམ་གྱི་ཐད་ལེགས་བཅོས་ཆེན་པོ་བྱུང་ཡོད། དེ་དག་ཚང་མ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་རེད་ཅེས་བཤད།
བཀྲ་རྡོར་གྱིས་ད་ལོ་ང་ཚོར་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ་ཡོད། དེ་ནི་སྐལ་བཟང་བདེ་སྐྱིད་ཚུད་པའི་ང་ཚོའི་ལས་དོན་པ་ཚང་མས་དཀའ་སྤྱད་འབད་བརྩོན་བྱས་པའི་གྲུབ་འབྲས་ཤིག་རེད། འབྱུང་འགྱུར་ང་ཚོས་དེ་བས་འབད་བརྩོན་བྱས་ཏེ། རྒན་རྒོན་ཚོའི་ཚེ་མཇུག་གི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།
རྒན་རྒོན་མི་ཉུང་བ་ཞིག་ཕ་ཡུལ་ནས་ཁ་བྲལ་ཏེ་ཞབས་ཞུའི་ལྟེ་གནས་སུ་རྒན་གསོ་བྱེད་པར་འགྲོ་འདོད་བྱེད་ཀྱི་མེད། རྒན་རྒོན་དེ་དག་གི་ཚེ་མཇུག་བདེ་སྐྱིད་ལྡན་པ་ཞིག་ཡོང་ཆེད། སྐལ་བཟང་བདེ་སྐྱིད་ཀྱིས་ལ་ལུང་མང་པོ་བརྒལ་ནས་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་གྲོང་ཚོ་དང་ཚོགས་ཆུང་ཚང་མར་བསྐྱོད་དེ་ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་ཚོད་ལྟའི་ལས་དོན་ལ་སྣེ་ཁྲིད་ནས་སྐུལ་འདེད་བཏང་ཡོད། ཁོང་གི་འབད་བརྩོན་འོག 2024ལོར་ལྷུན་གྲུབ་རྫོང་གིས་གྲོང་ཁྱེར་ཡོངས་ཀྱི་སྔོན་ལ་ཁྱིམ་སྡོད་རྒན་གསོ་རྫོང་ཁོངས་ཡོངས་སུ་ཁྱབ་པར་བྱས་པ་དང་། རྫོང་ཡོངས་ཀྱི་རྒན་རྒོན་667ཁྱིམ་ནས་ཐོན་མི་དགོས་པར་ཁྱིམ་སྡོད་རྒན་གསོའི་རོགས་སྐྱོར་དྲུག་གི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། ཁོང་གིས་རྒན་རྒོན་ལ་འཚམ་པའི་ཞབས་ཞུའི་འདུ་ཤེས་རྒྱུན་འཁྱོངས་བྱས་པ་དེས་རྒན་རྒོན་ཚོར་ཕན་པ་ཆེན་པོ་ཐོབ་ཅིང་། སྔ་རྗེས་སུ་ཁྱིམ་སྡོད་རྒན་གསོའི་རྒན་རྒོན་གྱི་དུད་ཚང་77ལ་ལག་སྐྱོར་སྒྲིག་སྦྱོར་དང་ཐེམ་སྐས་སྒྱུར་བཀོད་བྱས་པས། ཁོང་ཚོའི་འཚོ་བར་དེ་བས་སྟབས་བདེ་ཆེན་པོ་བསྐྲུན་ཡོད།
དེ་དང་འདྲ་བར་ཁོང་གི་འབད་བརྩོན་ལ་བརྟེན་ནས། མཐུན་སྦྱོར་མཛུབ་ཁྲིད་དང་། ཁྱིམ་དུ་བསྐྱོད་ནས་ཞབས་ཞུ་སྒྲུབ་པ། ཞབས་ཞུའི་མཚམས་སྦྱོར་སོགས་ནུས་པ་མང་པོ་གཞི་གཅིག་ཏུ་འདུས་པའི་རྒྱལ་ཡོངས་ཀྱི་རྫོང་ཁོངས་རྒན་གསོའི་ཞབས་ཞུའི་མ་ལག་གསར་གཏོད་ཚོད་ལྟའི་རྣམ་གྲངས་ལྷུན་གྲུབ་ཏུ་དོན་འཁྱོལ་བྱུང་ཞིང་། ལུས་སེམས་བདེ་སྲུང་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱང་ད་ལོའི་ཟླ་7པར་སྒོ་བྱང་བཀལ་ནས་གཉེར་སྐྱོང་བྱས་ཏེ། རྫོང་ཡོངས་ཀྱི་ཆ་རྐྱེན་དང་མཐུན་པའི་དབང་པོ་སྐྱོན་ཅན་དང་། རྒན་རྒོན། དམག་ཞབས་ཐིམ་པའི་དམག་མི་བཅས་ལ་བཟའ་བཏུང་དང་། ལུས་གསོ། རིག་གནས་ལུས་རྩལ་བྱེད་སྒོ་སོགས་ཀྱི་ཞབས་ཞུ་བསྒྲུབས་ཡོད།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社