ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་དང་མཉམ་དུ་དམངས་ཡོངས་ཀྱིས་ཚེ་སྲོག་གོང་དུ་བཀུར་ནས་མེ་དང་གློག་བདེ་འཇགས་ངང་སྤྱོད་དགོས་ཞེས་པ་གཙོ་དོན་དུ་བྱས་པའི་2025ལོའི་ལྷ་ས་གྲོང་ཁྱེར་གྱི་དགོན་སྡེའི་རིག་དངོས་དང་གནའ་ཤུལ་གྱི་མེ་སྐྱོན་སྔོན་འགོག་གི་དྲིལ་བསྒྲགས་དང་མེ་ཟོན་གྱི་དངོས་འཐབ་ནང་སྦྱོང་བྱས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ལད་ཟློས་རྣམ་པ་དང་འགྲེམས་ཁུལ་བཀོད་སྒྲིག་ཞིབ་ཚགས་བྱས་ནས་དངོས་འཐབ་རང་བཞིན་དང་མཛུབ་ཁྲིད་རང་བཞིན་ལྡན་པར་བྱས་ཡོད། གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་ཆེད་ལས་ལག་རྩལ་མཛུབ་ཁྲིད་འོག་དགོན་སྡེའི་གློག་རླངས་ཀྱི་གློག་སྐུད་རྙིང་པར་ཆགས་ནས་མེ་སྐྱོན་ཐོན་པའི་གནས་ཚུལ་ངོ་མ་སླར་གསོ་བྱས་པ་དང་།དགོན་སྡེའི་འོས་འགན་མེ་ཟོན་རུ་ཁག་གིས་ཡུལ་དངོས་སུ་ཆུ་འཐེན་འཕྲུལ་འཁོར་སྤྱད་པ་དང་མེ་ཟོན་ས་ཚིགས་ཆུང་གྲས་ཀྱི་ཐོག་མའི་མེ་གསོད་མྱུར་སྐྱོབ་སོགས་ཀྱི་འགག་རྩའི་བརྒྱུད་རིམ་བསྟན་ནས་གཞི་རིམ་གྱི་མེ་ཟོན་སྟོབས་ཤུགས་ཀྱི་འཕྲལ་སྡོམ་ཐག་གཅོད་ནུས་པ་མངོན་པར་བྱས་ཡོད། མེ་ཟོན་རོགས་སྐྱོབ་པས་དངོས་སུ་རྩལ་ནུས་དཔེ་སྟོན་བྱས་པ་བརྒྱུད་གློག་སྒུལ་རྐང་འཁོར་ལ་གློག་གསོག་པ་དང་འབར་རླངས་སྤྱོད་པ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མེ་ཟོན་བདེ་འཇགས་འགོག་སྲུང་བྱ་ཐབས་ངོ་སྤྲོད་ཞིབ་ཕྲ་བྱས་ནས་སྤྱོད་གོ་ཆོད་པའི་འཕྲལ་སྡོམ་ལག་རྩལ་བརྒྱུད་སྤྲོད་བྱས་པ་རེད། མེ་ཟོན་ཤེས་བྱའི་དྲིལ་བསྒྲགས་ས་ཚིགས་བཙུགས་ནས་རྒྱ་ཆེའི་གྲྭ་བཙུན་ལ《ལྷ་ས་གྲོང་ཁྱེར་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་མེ་ཟོན་བདེ་འཇགས་མཛུབ་ཁྲིད་ལག་དེབ》སོགས་དྲིལ་བསྒྲགས་དཔྱད་ཡིག་4000ལྷག་ཙམ་སྤྲད་པ་དང་། གོ་བདེ་ལ་ཤེས་སླའི་སྐད་ཆའི་ཐོག་ནས་མེ་ཟོན་བདེ་འཇགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་། མེ་སྐྱོན་སྔོན་འགོག བྲོས་བྱོལ་རང་སྐྱོབ་སོགས་ཀྱི་ཤེས་བྱ་ཁྱབ་གདལ་དུ་བཏང་བས།བདེ་འཇགས་ཀྱི་འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག་ཡོད།
ད་ཐེངས་ཀྱི་ནང་སྦྱོང་གིས་ལྷ་ས་གྲོང་ཁྱེར་གྱི་ཆོས་ལུགས་ཁྱབ་ཁོངས་ཀྱི་མེ་ཟོན་བདེ་འཇགས་འཕྲལ་སྡོམ་སྔོན་ཇུས་ཀྱི་ཚན་རིག་རང་བཞིན་དང་ལག་ལེན་བསྟར་འཐུས་རང་བཞིན་ལ་ཞིབ་དཔྱད་ནུས་ལྡན་བྱས་པ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པ་དང་། མེ་ཟོན་རོགས་སྐྱོབ་དཔུང་ཁག དགོན་སྡེའི་གྲྭ་བཙུན། དེ་བཞིན་འབྲེལ་ཡོད་ཚན་པ་བཅས་ཀྱི་མཐུན་སྦྱོར་དམག་འཐབ་ཀྱི་ནུས་པ་སྔར་བས་ཆེ་རུ་བཏང་བ་དང་། ལས་བཟོ་བ་ཡོངས་ཀྱི་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་དང་རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་ཀྱི་འཇོན་ཐང་ཕྱོགས་ཡོངས་ནས་ཆེ་རུ་བཏང་ནས།ཛ་དྲག་གི་གནས་ཚུལ་འོག་མགྱོགས་མྱུར་བརྡ་ལན་ཞུ་བ་དང་མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་ཐག་གཅོད་པར་དངོས་འཐབ་ཀྱི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社