分享按钮

རྣམ་དཔྱོད་ཡངས་པོས་སློབ་མ་བསྐྱངས། སློབ་གསོའི་བྱ་གཞག་གོང་དུ་སྤེལ།

ལྷ་ས་དགེ་འོས་སློབ་ཆེན་གྱི་དགེ་རྒན་བདེ་སྐྱིད་གཡང་འཛོམས་ཀྱི་སྐོར་བཀོད་པ།

2004ལོར། ཕ་ཡུལ་ནག་ཆུ་ཨ་མདོ་རྫོང་རྩྭ་རིང་གྲོང་རྡལ་ནས་ཡིན་པའི་བདེ་སྐྱིད་གཡང་འཛོམས་ཧྭ་ཏུང་དགེ་འོས་སློབ་ཆེན་ནས་ཐོན་རྗེས་ལྷ་ས་དགེ་འོས་སློབ་ཆེན(དེ་སྔའི་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ)དུ་དགེ་རྒན་གྱི་ལས་ལ་གཞོལ་ཞིང་། སློབ་མ་བསྐྱངས་ནས་ད་བར་ལོ་ངོ་21ཙམ་སོང་། མིག་སྔར་ཁོང་གིས་སློབ་ཚན་འཁྲིད་ཞོར་དུ་རྒྱ་ཡིག་སློབ་དཔྱོད་ཁང་གི་ཀྲུའུ་རེན་གྱི་འགན་གཅིག་ལྕོགས་འཁུར་བཞིན་ཡོད།

གསར་འགོད་པས་ཁོང་ལ་ཐོག་མར་དགེ་རྒན་གྱི་ལས་ལ་འཇུག་དོན་གང་ཡིན་ཞེས་འདྲི་སྐབས། ཁོང་གིས་ང་དགེ་རྒན་བྱེད་པའི་ལས་འབྲེལ་དེ་སྔ་མོ་ཞིག་ནས་འགོ་ཚུགས་པའི་སྣང་བ་ཞིག་འདུག ང་རང་ཆུང་དུས་རྩྭ་རིང་གྲོང་རྡལ་སློབ་ཆུང་དུ་སྤོ་བོ་རྨོ་བོ་གཉིས་དང་མཉམ་དུ་འཚོ་བ་བསྐྱལ་ནས་བསྡད་པ་ཡིན་པས། དེ་གར་སློབ་གྲྭའི་ཅོང་སྒྲ་དང་སློབ་མའི་དཔེ་ཀློག་གི་སྒྲ་སྙན་པོ་རྒྱུན་ཆད་རྒྱུ་མེད་པར་ཐོས་རྒྱུ་ཡོད། སྒྲ་དབྱངས་སྙན་པོ་དེ་དག་ངའི་དྲན་པའི་ངོས་སུ་ད་ལྟའང་གསལ་ལེར་འཆར་ཐུབ་ལ། བྱིས་དུས་ཀྱི་འཚོ་བའི་ཁྲོད་ཆ་རྒྱུས་ཆེ་ཤོས་ཡིན་པའི་དབྱངས་རྟ་ཞིག་ཏུ་འགྱུར། ངའི་སྤོ་བོ་ལགས་སློབ་ཆུང་དེ་གའི་དགེ་རྒན་རེད། རྒྱུན་དུ་སྤོ་བོ་ལགས་ཀྱིས་ང་ལ་ཁ་ཏ་བསླབ་བྱ་མང་པོ་གནང་གི་ཡོད། ང་ལ་མཚོན་ན་སྤོ་བོ་ལགས་ཁོང་ངའི་མི་ཚེའི་ལམ་བུའི་ཁྲོད་ཀྱི་ལམ་སྟོན་སྒྲོན་མེ་གལ་ཆེན་ཞིག་ཡིན། སྐབས་དེ་ནས་བཟུང་ངའི་སེམས་ནང་མ་འོངས་པར་དགེ་རྒན་ཞིག་བྱ་རྒྱུའི་བློ་ཐག་རྦད་དེ་བཅད། དེར་བརྟེན་མཐོ་རྒྱུགས་སྐབས་སུ་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཧྭ་ཏུང་དགེ་འོས་སློབ་ཆེན་གྱི་དགེ་འོས་ཆེད་ལས་བདམས་པ་ཡིན་ཞེས་བཤད།

མཐོ་འབྲིང་སྐབས་སུ་ཁོང་གིས་འཕྲལ་སེལ་སླ་བཅོས་ཀྱི་བསམ་པ་ཡོངས་སུ་སྤངས་ནས་འབད་འབུངས་ལྷོད་མེད་ཀྱིས་སློབ་སྦྱོང་བྱས་སྟབས། རེ་བའི་ལས་ལ་འབྲས་བཟང་སྨིན་ནས་བདེ་བླག་ངང་ཧྭ་ཏུང་དགེ་འོས་སློབ་ཆེན་དུ་ཚུད་དེ་དགེ་འོས་ཆེད་ལས་སྦྱོང་བའི་སྐལ་བ་བཟང་པོ་ཐོབ། ཁོང་གི་སེམས་ནང་སྔ་ས་ནས་དགེ་རྒན་བྱེད་འདོད་ཡོད་པས་དགེ་འོས་དང་འབྲེལ་བའི་སློབ་ཚན་ཁག་ལ་ཧ་ཅང་དགའ། དགེ་རྒན་གྱིས་བསྐུལ་བའི་ལས་ཀར་ཆུ་བོ་འབབ་འབབ་ཅེས་པའི་ཟེར་སྒྲོས་ལྟར་འཁོན་ཐོགས་སྤུ་ཙམ་ཡང་མེད་པར་ལམ་སེང་བསྒྲུབས་པས། ལོ་ངོ་བཞིའི་རིང་དགེ་རྒན་གྱིས་ཐོག་མཐའ་བར་གསུམ་དུ་ཁོང་གི་སློབ་སྦྱོང་གི་རྣམ་པར་གདེང་འཇོག་མཐོ་པོ་བྱེད་ཀྱི་ཡོད་པ་དང་། སློབ་གྲྭ་ཐོན་ཁར་ཁོང་ལ་ལྕགས་ཅི་བཟོ་མགར་བའི་ལག་པ་རེད། ཟོག་ཅི་བྱེད་བདག་པོའི་ལག་པ་རེད་ཅེས་པའི་ཟེར་སྒྲོས་ལྟར་སློབ་མའི་མ་འོངས་དེ་དགེ་རྒན་དང་འབྲེལ་བ་དམ་ཟབ་ཡོད་པས། རང་ཡུལ་དུ་ལོག་ནས་སློབ་མ་སྐྱོང་མཁན་གྱི་དགེ་རྒན་བཟང་པོ་ཞིག་བྱེད་དགོས་ཚུལ་སློབ་གསོ་རྒྱག་གི་ཡོད་པ་རེད།

སློབ་གསོའི་བྱ་གཞག་ཁྲོད་སློབ་མ་ནི་དགེ་རྒན་གྱི་སྒུལ་ཤུགས་ཆེ་ཤོས་དེ་ཡིན་པ་སྨོས་མེད་ལགས། དགེ་འོས་སློབ་གྲྭའི་རྒན་རབས་པ་ཚོས་ཀྱང་ལས་ཀར་ཞུགས་མ་ཐག་པའི་བདེ་སྐྱིད་གཡང་འཛོམས་ལ་སློབ་མ་རྣམས་ནི་རེ་བའི་ས་བོན་ཞིག་ཡིན་པས། མ་འོངས་པའི་ལོ་ཟླའི་ནང་འབྲས་བུའི་ཁུར་གྱིས་དུད་པའི་ལོ་འབྲས་སྨིན་པའི་རེ་བ་ཆེན་པོ་ཡོད། རང་གིས་དུས་དང་རྣམ་པ་ཀུན་ཏུ་ཁོ་ཚོའི་སློབ་སྦྱོང་དང་འཚོ་བར་དོ་སྣང་བྱས་ནས་བདེ་མ་ཐང་མའི་ངང་འཚར་ལོངས་ཡོང་བར་འགན་ལེན་བྱེད་དགོས་ཞེས་ཡང་ཡང་བརྗོད་ཀྱི་ཡོད་པ་རེད།

རྒན་ལགས་ཁོང་གི་སློབ་མ་མང་པོ་ཞིག་དགེ་རྒན་གྱི་ལས་གནས་ལ་ཞུགས་རྗེས་རང་འཁྲིའི་ལས་ལ་འབད་པ་ལྷུར་ལེན་བྱས་པས་འབྲས་བུའང་བཟང་པོ་ཐོབ་ཡོད། ཁོང་གི་སློབ་མ་ཝང་ཐེན་ཐེན་ལྟ་བུར་མཚོན་ན། ལྷ་ས་དགེ་འོས་སློབ་ཆེན་གྱི་སློབ་གྲྭའི་ཕུལ་བྱུང་མཆེད་གྲོགས་ཡིན་པ་དང་། སློབ་མ་དེ་2019ལོར་སློབ་མཐར་ཕྱིན་རྗེས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་དཔལ་ཤང་སློབ་ཆུང་དུ་དགེ་རྒན་བྱེད་བཞིན་ཡོད་པ་དང་། རྒྱུན་དུ་ཧུར་ཐག་འབད་ཐག་གིས་གྲོང་གསེབ་ཀྱི་སློབ་གསོའི་བྱ་གཞག་ལ་སྟོབས་ཤུགས་སྐྱེས་སུ་ཕུལ་དང་འབུལ་བཞིན་ཡོད་པས། 2022ལོར་རྒྱལ་ཡོངས་མཐོ་སློབ་སློབ་ཐོན་སློབ་མའི་གཞི་རིམ་ལས་ཞུགས་ཀྱི་ཕུལ་བྱུང་བྱ་དགའ་ཐོབ།

བདེ་སྐྱིད་གཡང་འཛོམས་ཀྱིས་སློབ་མར་སློབ་ཁྲིད་བྱེད་པ་ཕུད་སྤྱི་ཚོགས་ཀྱི་འགན་འཁྲི་ལག་ལེན་བསྟར་བའི་ཁྲོད་རང་ཉིད་ཀྱི་རིན་ཐང་མངོན་འགྱུར་བྱེད་ཀྱི་ཡོད་དེ། ཁོང་གིས་གཟའ་མཇུག་དུས་ཚོད་ཐེངས་མང་བློས་གཏོང་བྱས་ཏེ། རང་ཉིད་ཀྱི་ཆེད་ལས་ཀྱི་དགེ་མཚན་དང་མི་སྒེར་གྱི་དགའ་ཕྱོགས་ལ་གཞིགས་ནས་ཀརྨ་དགོན་གསར་སྡེ་ཁུལ་སོགས་ཀྱི་བྱིས་པ་ཚོར་བྱིས་སྒྲུང་མང་པོ་ཤོད་པ་དང་། དཔེ་ཀློག་མཛུབ་ཁྲིད་ཀྱི་བྱེད་སྒོ་སྤེལ་ནས་བྱིས་པའི་དཔེ་ཀློག་ཁྱབ་གདལ་གཏོང་གི་ཡོད།

(བོད་ལྗོངས་ཉིན་རེའི་ཚགས་པར་ལས་བཏུས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-27 ལྷ་ས་དགེ་འོས་སློབ་ཆེན་གྱི་དགེ་རྒན་བདེ་སྐྱིད་གཡང་འཛོམས་ཀྱི་སྐོར་བཀོད་པ། 6 6 拉萨日报藏文 c212820.html 1 རྣམ་དཔྱོད་ཡངས་པོས་སློབ་མ་བསྐྱངས། སློབ་གསོའི་བྱ་གཞག་གོང་དུ་སྤེལ། /enpproperty-->