ལས་ཐོག་ཏང་ཡོན་སྡེ་ཁུལ་བཅོས་སྐྱོང་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྔར་བས་ཆེ་རུ་གཏོང་ཆེད། ཁྲེང་ཀོན་ཆུས་ཀུན་བདེ་གླིང་ཁྲོམ་གཞུང་རྩེད་ཞིང་སྡེ་ཁུལ་གྱིས་སྐུལ་ལྕག་ལམ་སྲོལ་གསར་གཏོད་དང་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། སྐར་ཟོག་བརྗེ་རྒྱུ་དམ་འཛིན་བྱ་གཞི་གཙོ་བོར་བྱས་ཏེ་སྒོ་རྩིས་ཚོང་ཁང་གི་ཚོང་ཟོག་དང་ཟ་ཁང་གི་བཟའ་བཅའ་སོགས་སྤྱོད་གོ་ཆོད་པའི་དངོས་ཟོག་རིགས་འདེམས་པ། ཚན་རིག་དང་མཐུན་པ་དང་གོ་ཆོད་པའི་སྐུལ་ལྕག་མ་ལག་འཛུགས་པ་བཅས་བྱས་ནས། འབྱོར་ཐོ་འགོད་པ་གཉིས་དང་ཞབས་ཞུ་གཉིས་ཀྱི་ལས་དོན་གཏིང་ཟབ་ངང་སྤེལ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།
སྡེ་ཁུལ་གྱིས་འཆར་འགོད་ཞིབ་ཚགས་བྱས་ཏེ།རྩེད་ཞིང་གྲོང་ལྷན་གྱི་ཐོག་སོ་དང་པོའི་ལྟེ་བའི་ས་ཁོངས་སུ་ཚད་ལྡན་ཅན་གྱི་སྐར་ཟོག་བརྗེ་སའི་ས་ཚིགས་བསྐྲུན་ནས་སྐར་གསོག་ནི་གཟི་བརྗིད་ཁོ་ན་ཡིན་པའི་སྲོལ་རྒྱུན་གྱི་རྣམ་པ་རྦད་དེ་མེད་པར་བཟོས་ཏེ།ཞབས་ཞུའི་རིན་ཐང་དོན་ཐོག་ཏུ་འཁྱོལ་ཐུབ་པར་བྱས་ཡོད། སྐར་ཟོག་བརྗེ་སའི་ས་ཚིགས་ཀྱི་བཀོད་པ་ཚན་རིག་དང་མཐུན་པ་ཞིག་ཡོད་ཅིང་། ཞོར་ཟས་དང་བཏུང་བྱ་འགྲེམས་སྟོན་ཁུལ་དང་། སྐར་ཟོག་བརྗེ་སའི་ཐོ་འགོད་སྟེགས་བུ་བཀོད་སྒྲིག་བྱས་ཡོད་ལ། སྐར་ཟོག་གང་འདྲ་བརྗེས་དགོས་མིན་གྱི་རི་མོ་བརྒྱུད་རིམ་ལྡན་པའི་ངང་གྱང་ངོས་སུ་སྦྱར་ཡོད། ཞབས་ཞུའི་རྣམ་གྲངས་ཀྱི་སྐར་གསོག་དང་དངོས་ཟོག་བརྗེ་བའི་བླང་བྱ་ཁ་གསལ་བཏོན་པས་ཏང་ཡོན་གྱིས་ཐད་ཀར་འདྲི་རྩད་དང་དངོས་ཟོག་བརྗེ་རྒྱུར་སྟབས་བདེ་བསྐྲུན་ནས་སྐར་གསོག་མཐོང་ཐུབ་པ་དང་དངོས་ཟོག་བརྗེ་པོ་རྒྱག་ཐུབ་པར་བྱས་ཡོད།
ཐོན་རྫས་ཀྱི་སྣ་ཁ་འདེམས་པའི་ཐད་སྡེ་ཁུལ་གྱིས་ལས་ཐོག་ཏང་ཡོན་གྱི་རྒྱུན་གཏན་གྱི་དགོས་མཁོ་དང་གནད་སྨིན་སྦྲེལ་མཐུད་བྱས་ཏེ། འཛད་སྤྱོད་བྱེད་མང་བ་དང་འཁྱེར་བདེ་བའི་རྩ་དོན་ལ་བརྩི་སྲུང་ཞུས་ནས་ཐོན་རྫས་ཀྱི་རིགས་ལེགས་འདེམས་ཞིབ་ཚགས་བྱས་ཡོད། དངོས་ཟོག་བརྗེ་བའི་རིགས་ལ་ཞོར་ཟས་དང་བཟའ་བཏུང་གི་དགོས་མཁོ་ཆེན་པོ་གཉིས་ཁྱབ་ཡོད་པ་སྟེ། སྒོ་རྩིས་ཚོང་ཁང་གི་ཞོར་ཟས་དང་བཟའ་བཏུང་རིགས་ཚུད་པར་མ་ཟད། ད་དུང་ཀོག་ཧྥེ་བཏུང་བྱའི་འཛིན་ཤོག་དང་དེ་བཞིན་སྡེ་ཁུལ་ཟ་ཁང་གི་སྟབས་བདེའི་བཟའ་བཅའ་ཡང་ཚུད་ཡོད་པས།ཏང་ཡོན་གྱི་ལས་ཀའི་བར་གསེང་གི་སྤྲོ་གསེང་དང་རྒྱུན་གཏན་གྱི་ཟ་འཐུང་སོགས་ཀྱི་དགོས་མཁོ་སྐོང་གི་ཡོད། སྡེ་ཁུལ་གྱིས་ཟ་ཁང་གི་སྟབས་བདེའི་བཟའ་བཅའི་རིན་རྩིས་ཁ་གསལ་བ་དང་།ཤ་ཡོད་དང་ཤ་མེད་ཚལ་ལ་ཚད་བཀག་མེད་པར་བྱས་པས་བཟའ་བཅའི་དགོས་མཁོ་མི་འདྲ་བ་སྐོང་ཐུབ་པར་མ་ཟད། བཟའ་བཅའ་འཕྲོ་བརླག་ཏུ་མི་གཏོང་བ་གཏན་འགོག་ནུས་ལྡན་ཐུབ་ནས་སྐར་ཟོག་བརྗེ་བའི་དངོས་ཟོག་སྤྱོད་གོ་ཆོད་པར་བྱས་ཡོད།
བསྡོམས་རྩིས་བྱས་པར་གཞིགས་ན། སྐར་ཟོག་བརྗེ་སའི་ས་ཚིགས་འཁོར་སྐྱོད་བྱས་པ་ནས་བཟུང་། སྐར་གྲངས་11329དངོས་ཟོག་དང་བརྗེས་པ་ལས་དངོས་རྫས་ཀྱི་རིན་ཐང་སྒོར་ཁྲི་ལྷག་ཙམ་ཟིན་ཡོད། གལ་འགངས་ཆེ་བ་ཞིག་ནི་སྐར་ཟོག་བརྗེ་ས་འབྲེལ་ཐག་ཏུ་བྱས་པར་བརྟེན་ནས་སྡེ་ཁུལ་དུ་ཞབས་ཞུ་དང་། སྐར་གསོག དངུལ་ཟོག་བརྗེ་བ། ཞབས་ཞུ་བསྐྱར་མ་བཅས་ཀྱི་འཁོར་རྒྱུག་བཟང་པོ་ཞིག་གྲུབ་ཡོད། ལས་ཐོག་ཏང་ཡོན་སྲིད་ཇུས་དྲིལ་བསྒྲགས་དང་། འཕྲོད་བསྟེན་གཙང་བཤེར། བགྲེས་སོང་ལ་གཅེས་སྐྱོང་སོགས་དང་བླངས་ཞབས་ཞུའི་ནང་ཞུགས་རྗེས་ཐད་ཀར་སྐར་ཟོག་བརྗེ་ཆོག་གི་ཡོད། སྡེ་ཁུལ་གྱིས་སྐར་ཟོག་བརྗེ་བའི་གྲངས་གཞིར་དུས་བཀག་བཞིན་དབྱེ་ཞིབ་བྱས་ཏེ།ཏང་ཡོན་གྱིས་དངོས་ཟོག་བརྗེས་མང་ཤོས་ལ་ཤེས་རྟོགས་བྱས་ནས་དུས་ཐོག་ཏུ་དངོས་ཟོག་གི་སྣ་ཁ་གསར་བརྗེས་བྱེད་ཀྱི་ཡོད་པས། ཏང་ཡོན་ཞབས་ཞུའི་ནང་ཞུགས་པའི་སྤྲོ་སེམས་སྔར་བས་འཕེལ་བར་བྱས་ཡོད།
སྡེ་ཁུལ་གྱིས་སྐར་ཟོག་བརྗེ་བ་དང་བཅོས་སྐྱོང་གི་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་དུད་ཚང་དུ་བཅར་འདྲི་བྱེད་པ་དང་ཁྲོམ་གཞུང་དང་སྲང་ལམ་དུ་ཅི་འཕྲོས་མོལ་འཕྲོས་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད།གྲོང་མིའི་དགོས་མཁོ་གནད་སྨིན་ངང་ཁོང་དུ་ཆུད་པ་དང་། དང་བླངས་ཞབས་ཞུའི་ནང་དོན་སྟབས་བསྟུན་ངང་ལེགས་སྒྲིག་བྱས་ཏེ་ཏང་ཡོན་གྱི་ཞབས་ཞུ་མང་ཚོགས་ཀྱི་དགོས་མཁོ་དང་འཚམ་པར་བྱས་ཡོད། ད་ཆ་སྐར་ཟོག་བརྗེ་སའི་ས་ཚིགས་དེ་སྡེ་ཁུལ་དུ་ཏང་ཡོན་གཅིག་སྡུད་བྱེད་པའི་ལས་སྟེགས་ཤིག་ཏུ་གྱུར་ནས་ལས་ཐོག་ཏང་ཡོན་འབྱོར་ཐོ་འགོད་པ་གཉིས་དང་ཞབས་ཞུ་གཉིས་ནང་ཞུགས་པའི་ཧུར་སེམས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། རང་འགུལ་ངང་དང་བླངས་ཞབས་ཞུ་རྩིས་ལེན་བྱེད་ཚད་བརྒྱ་ཆ་60མཐོ་རུ་ཕྱིན་ནས་སྡེ་ཁུལ་བཅོས་སྐྱོང་གི་མི་མི་འདང་བ་དང་སྒུལ་ཤུགས་མི་འདང་བའི་དཀའ་གནད་ནུས་ལྡན་ངང་བསལ་ཡོད།
གསར་གཏོད་བྱ་ཐབས་དེས་ལས་ཐོག་ཏང་ཡོན་གྱིས་དཀའ་ལས་བརྒྱབ་པ་ལས་ཕན་འབྲས་ཐོབ་པར་མ་ཟད། མཉམ་འགུལ་ལམ་སྲོལ་བཟང་པོ་བཙུགས་པ་བརྒྱུད་སྡེ་ཁུལ་བཅོས་སྐྱོང་ལས་དོན་ལ་གསོན་ཤུགས་གསར་པའང་འཕེལ་བར་བྱས་ཡོད། ཕྱིས་འབྱུང་།སྡེ་ཁུལ་གྱིས་སྐར་གསོག་གི་སྐུལ་ལྕག་ལམ་སྲོལ་མུ་མཐུད་དེ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞབས་ཞུའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། དངུལ་ཟོག་བརྗེ་བའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ།གཞི་རིམ་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་འདྲ་བཟོ་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་བཟང་པོ་དང་བྱ་ཐབས་བཟང་པོ་འཚོལ་ཞིབ་བྱ་རྒྱུ་རེད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社