分享按钮

ལྷ་ས་གྲོང་ཁྱེར་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་སྐབས་བཞི་པའི་སྐབས་བརྗེའི་འདེམས་ བསྐོའི་ཚོགས་ཆེན་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར།ལྷ་ས་གྲོང་ཁྱེར་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་སྐབས་བཞི་པའི་སྐབས་བརྗེའི་འདེམས་བསྐོའི་ཚོགས་ཆེན་གྲོང་ཁྱེར་ཕྱི་དོན་གཞུང་དོན་ཁང་དུ་བདེ་བླག་ངང་འཚོགས་པ་རེད།

ཚོགས་འདུའི་ཐོག་གྲོང་ཁྱེར་ཕྱི་དོན་གཞུང་དོན་ཁང་གི་ཀྲུའུ་རེན་ལིའུ་ཕུའུ་ཕིང་གིས་ལྷ་ས་གྲོང་ཁྱེར་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་སྐབས་གསུམ་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚབ་ཞུས་ནས་ལས་དོན་སྙན་སྒྲོན་གནང་བ་རེད། སྙན་སྒྲོན་ནང་སྐབས་གསུམ་པའི་ལས་འཛིན་ལྷན་ཚོགས་ཀྱི་འགན་ཡུན་ནང་ཕྱི་ཕྱོགས་མཛའ་གྲོགས་སྤེལ་རེས་ཟབ་ཏུ་གཏོང་བ་དང་།མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་གཏོང་བ།ས་གནས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་སོགས་ཐད་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོར་ཕྱིར་དྲན་བྱས་པ་དང་།གསོག་འཇོག་བྱས་པའི་རྩ་ཆེའི་ཉམས་མྱོང་ཕྱོགས་སྡོམ་བྱས་པ། འབྱུང་འགྱུར་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཁ་གསལ་བཟོས་ཡོད།ཚོགས་ཞུགས་འཐུས་མིས་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་ནན་ཏན་གནང་བ་དང་ཆབས་ཅིག་གཅིག་གྱུར་ཐོག་གྲོས་མཐུན་གནང་བ་རེད།ཚོགས་ཆེན་ཐོག《ལྷ་ས་གྲོང་ཁྱེར་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》ལ་གསལ་བཤད་བྱས་པ་དང་།གསར་དུ་བཟོ་བཅོས་བརྒྱབ་པའི་མཐུན་ཚོགས་ཀྱི་སྒྲིག་ཡིག་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

འདེམས་བསྐོའི་ལྷུ་ཚིགས་ནང་།ཚོགས་མིའི་འཐུས་མི་ཡོངས་ཀྱིས་དྲང་གཞག་དང་། བཏང་སྙོམས།ཡོངས་བསྒྲགས་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་ལག་པ་བརྐྱངས་ནས་བརྡས་ཐག་གཅོད་པའི་བྱ་ཐབས་ཐོག་ནས་སྐབས་བཞི་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་དང་།ཚོགས་གཙོ་གཞོན་པ།དྲུང་ཆེ་བཅས་དང་།དེ་བཞིན་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་བདེ་བླག་ངང་བདམས་ཐོན་བྱུང་ཡོད།ཚོགས་ཆེན་འཚོག་ཡུལ་དུ་གཟབ་ནན་ངང་འདེམས་བསྐོའི་འབྲས་བུ་ཁྱབ་བསྒྲགས་བྱས་པ་དང་འབྲེལ།གསར་དུ་བདམས་ཐོན་བྱུང་བའི་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་པར་གདན་ཞུའི་ཡི་གེ་སྤྲད་པ་རེད།གསར་དུ་བདམས་ཐོན་བྱུང་བའི་ཚོགས་གཙོས་གཏམ་བཤད་སྤེལ་སྐབས་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་།རང་འགན་གཙང་སྒྲུབ་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་མཛའ་གྲོགས་གྲོང་ཁྱེར་དང་མཛའ་གྲོགས་རྩ་འཛུགས་དབར་གྱི་སྤེལ་རེས་མཉམ་ལས་མུ་མཐུད་དེ་གཏིང་ཟབ་ཏུ་གཏོང་བ་དང་།མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ།མཉམ་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས་ལྷ་ས་གྲོང་ཁྱེར་གྱིས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་།དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་དེ་བས་ཆེ་བ་སྣོན་རྒྱུ་ཡིན་ཞེས་བཤད་པ་རེད།

མཇུག་ཏུ།ཚོགས་ཞུགས་མི་སྣ་ཡོངས་ཀྱིས་དྲན་རྟེན་སྐུ་པར་བསྐྱོན་ནས་ལྷ་ས་གྲོང་ཁྱེར་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་སྐབས་བཞི་པའི་སྐབས་བརྗེའི་འདེམས་བསྐོའི་ཚོགས་ཆེན་གཟབ་རྒྱས་དང་གོ་རིམ་ལྡན་པའི་ངང་མཇུག་འགྲིལ་བ་རེད།ད་ཐེངས་ཀྱི་སྐབས་བརྗེའི་འདེམས་བསྐོ་དེས་མཐུན་ཚོགས་ལ་གསོན་ཤུགས་གསར་པ་བསྣན་པ་དང་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་བར་མ་ཟད།ཕྱི་ཕྱོགས་སྤེལ་རེས་ཀྱི་ལས་སྟེགས་དེ་བས་བརྟན་པོ་ཞིག་ཀྱང་བསྐྲུན་ནས་ལྷ་ས་གྲོང་ཁྱེར་གྱི་ཕྱི་ཕྱོགས་མཛའ་གྲོགས་བྱ་གཞག་འགོ་འཛུགས་ས་གསར་པའི་ཐོག་ཚད་བརྒལ་གསར་པ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ།ཀྲུང་ཕྱིའི་དམངས་ཁྲོད་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་ས་གནས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-27 6 6 拉萨日报藏文 c212816.html 1 ལྷ་ས་གྲོང་ཁྱེར་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་སྐབས་བཞི་པའི་སྐབས་བརྗེའི་འདེམས་ བསྐོའི་ཚོགས་ཆེན་འཚོགས་པ། /enpproperty-->