分享按钮

རང་རྒྱལ་གྱིས་ཕྱི་རྒྱལ་བ་རང་ཁོངས་སུ་ཡོང་བའི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་23ཉིན་གློག་འཕྲིན་འབྱོར་གསལ།《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོའི》ནང་།རྒྱལ་སྤྱིའི་འཛད་སྤྱོད་ལྟེ་བའི་གྲོང་ཁྱེར་སྐྱེད་སྲིང་བྱས་ནས་ཕྱི་རྒྱལ་བ་རང་ཁོངས་སུ་ཡོང་བའི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད།

རྒྱལ་སྒྲོལ་ཐོངས་མཆན་འགོད་མི་དགོས་པའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་རྒྱལ་སྒྲོལ་ཁྲལ་སློག་ལེགས་སུ་གཏོང་བ་སོགས་ཀྱི་སྲིད་ཇུས་ཀྱི་སྐུལ་ཁྲིད་འོག ཀྲུང་གོར་ཡུལ་སྐོར་བྱེད་པ་དང་ཀྲུང་གོར་ཉོ་སྒྲུབ་བྱེད་པའི་ཚ་རླབས་རིམ་གྱིས་འཕྱུར་ཡོད། གྲངས་གཞི་ལས་མངོན་པར་གཞིགས་ན། 2024ལོར་ཀྲུང་གོའི་མངའ་ཁོངས་སུ་ཡུལ་སྐོར་བྱེད་མཁན་གྱི་ཕྱི་རྒྱལ་བའི་མི་ཐེངས་ཁྲི་13190ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་60.8འཕར་བ་དང་། རང་རྒྱལ་གྱི་མངའ་ཁོངས་སུ་ཡོང་བའི་ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཨ་སྒོར་དུང་ཕྱུར་942བཏང་བ་དེ་དུས་མཚུངས་ལས་བརྒྱ་ཆ་77.8འཕར་ཡོད།

ཀྲུང་གོ་རྒྱལ་སྤྱིའི་དཔལ་འབྱོར་སྤེལ་རེས་ལྟེ་གནས་ཚན་ཞིབ་ཆ་འཕྲིན་པུའི་པུའུ་ཀྲང་གཞོན་པ་ལིའུ་ཤང་ཏུང་གིས།རྒྱལ་སྤྱིའི་འཛད་སྤྱོད་ལྟེ་གནས་གྲོང་ཁྱེར་སྐྱེད་སྲིང་དང་ཕྱི་རྒྱལ་བ་རང་རྒྱལ་གྱི་མངའ་ཁོངས་སུ་ཡོང་བའི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་བཏང་བ་དེས་རྒྱལ་ནང་གི་ཚོང་ལས་དང་རིག་གནས་ཡུལ་སྐོར་གྱི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་སྐུལ་འདེད་ཐེབས་རྒྱུ་དང་།གྲོང་ཁྱེར་གྱི་རྒྱལ་སྤྱིའི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད།དེ་དང་ཆབས་ཅིག་རྒྱལ་སྤྱིའི་ཉམས་མྱོང་ཐོག་ནས་བལྟས་ན།ཕྱི་རྒྱལ་བ་རང་རྒྱལ་གྱི་མངའ་ཁོངས་སུ་ཡོང་བའི་འཛད་སྤྱོད་ཀྱིས་རྒྱལ་ནང་གི་འཛད་སྤྱོད་དང་མ་འཇོག་དགོས་མཁོར་སྐུལ་ཁྲིད་ཐུབ་ནས།དཔལ་འབྱོར་འཕར་རྒྱུར་སྒུལ་ཤུགས་གསར་པ་བསྣན་ཡོད་ཅེས་བཤད།

2024ལོར།ཕྱི་རྒྱལ་བ་རང་རྒྱལ་གྱི་མངའ་ཁོངས་སུ་ཡོང་བའི་འཛད་སྤྱོད་བྱེད་ཚད་ཀྱིས་རང་རྒྱལ་གྱི་GDPཡི་བསྡུར་ཚད་ཀྱི་བརྒྱ་ཆ་0.5བཟུང་བ་དང་།འཛམ་གླིང་གི་རྒྱལ་ཁབ་གཙོ་བོ་རང་རྒྱལ་གྱི་མངའ་ཁོངས་སུ་ཡོང་བའི་འཛད་སྤྱོད་བྱེད་ཚད་ཀྱིས་GDPཡི་བསྡུར་ཚད་ཀྱི་བརྒྱ་ཆ་1ནས་བརྒྱ་ཆ་3བར་བཟུང་བས།རང་རྒྱལ་གྱི་མངའ་ཁོངས་ནང་ཡོང་བའི་འཛད་སྤྱོད་བྱེད་ཚད་འཕར་བའི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད།

ལིའུ་ཤང་ཏུང་གིས།ཁྲལ་འཇལ་མི་དགོས་པའི་ཚོང་ཁང་དང་། ས་ཁོངས་ནས་བྲལ་བའི་ཁྲལ་སློག་ཚོང་ཁང་། རིག་གནས་ཡུལ་སྐོར་ཐོན་ཁུངས་བཅས་ཀྱི་ཟུང་འབྲེལ་ལ་སྐུལ་འདེད་བཏང་ནས།ཉོ་སྒྲུབ་དང་ཡུལ་སྐོར་ཟུང་དུ་འབྲེལ་བའི་ཁྱད་ལྡན་རྣམ་པ་བཏོད་དེ།རང་རྒྱལ་གྱི་མངའ་ཁོངས་ནང་ཡོང་བའི་ཕྱི་རྒྱལ་གྱི་ཡུལ་སྐོར་བའི་ཡིད་དབང་འཕྲོག་ཤུགས་ཆེ་རུ་གཏོང་དགོས་པ་དང་། རྒྱལ་ནང་གི་ཡུལ་སྐོར་བྱེད་མང་བའི་གྲོང་ཁྱེར་དུ་གྲོང་ཁྱེར་ནང་ཁུལ་གྱི་ཁྲལ་འཇལ་མི་དགོས་པའི་ཚོང་ཁང་མང་དུ་གཏོང་བ་དང་སྐད་རིགས་མང་བའི་ཁྲལ་འཇལ་མི་དགོས་པའི་ཟོག་ཉོའི་APPགསར་སྤེལ་བྱས་ནས།རྒྱལ་ཁོངས་གཞན་ནས་ཡིན་པའི་ཡུལ་སྐོར་བའི་འཛད་སྤྱོད་ཀྱི་སྟབས་བདེའི་རང་བཞིན་སྔར་བས་ཆེ་རུ་གཏོང་རྒྱུའི་གྲོས་འགོ་བཏོན་ཡོད།

ཚོང་དོན་པུའི་པུའུ་ཀྲང་གཞོན་པ་ཧྲེང་ཆིའུ་ཕིང་གིས།ཚོང་དོན་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཕྱོགས་རྐྱང་པའི་ཐོངས་མཆན་འགོད་མི་དགོས་པའི་རྒྱལ་ཁབ་ཀྱི་ཁྱབ་ཁོངས་གོ་རིམ་ལྡན་པའི་ངང་རྒྱ་ཆེར་གཏོང་བ་དང་། ཁྲལ་སློག་ཞབས་ཞུ་སྔར་བས་ལེགས་སུ་གཏོང་བ།རྒྱལ་སྤྱིའི་འཛད་སྤྱོད་ལྟེ་གནས་གྲོང་ཁྱེར་འཛུགས་སྐྲུན་མུ་མཐུད་དེ་གཏིང་ཟབ་ཏུ་གཏོང་བ།རྒྱལ་སྤྱིའི་འཛད་སྤྱོད་གཅིག་སྡུད་ཁུལ་དང་མངའ་ཁོངས་ནང་ཡོང་བའི་འཛད་སྤྱོད་མཛའ་གྲོགས་རྣམ་པའི་ཚོང་ལས་ཁུལ་ཁག་གཅིག་གཏོད་པ།སྣ་མང་ཅན་གྱི་འཛད་སྤྱོད་རྣམ་པ་མུ་མཐུད་དེ་གཏོད་པ་བཅས་བྱས་ནས།ཀྲུང་གོར་ཉོ་སྒྲུབ་བྱེད་པའི་མུ་འབྲེལ་བྱེད་སྒོ་ཡག་པོ་གཉེར་རྒྱུ་རེད།

ཧྲེང་ཆིའུ་ཕིང་གིས།ང་ཚོས་གོ་ལ་ཧྲིལ་པོའི་འཛད་སྤྱོད་པར་དེ་བས་སྟབས་བདེ་བ་དང་། དེ་བས་སྐྱིད་སྣང་དོད་པ།དེ་བས་ཕན་པ་ཐོབ་པ་བཅས་ཀྱི་སྒོ་དབྱེ་བསྟུན་མཁས་དང་སྣ་མང་གསར་གཏོད་ཀྱི་ཀྲུང་གོའི་མྱོང་ཚོར་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-25 6 6 拉萨日报藏文 c212741.html 1 རང་རྒྱལ་གྱིས་ཕྱི་རྒྱལ་བ་རང་ཁོངས་སུ་ཡོང་བའི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་པ། /enpproperty-->