ཟླ་11ཚེས་17ཉིན་གྱི་དགོང་མོ། མལ་གྲོ་གུང་དཀར་རྫོང་རྒྱ་མ་གྲོང་རྡལ་ཙི་ཙི་རོང་གྲོང་ཚོའི་སྤྱིའུ་རི་ངལ་ནུས་ཀུང་སིའི་གཞུང་ལས་ཁང་དུ་ཀུང་སིའི་ལས་མི་ཟླ་ཚེས་ལག་ཏུ་འབྱོར་མ་ཐག་པའི་ཟླ་10པའི་གླ་ཆར་གྲངས་ཀ་རྒྱག་བཞིན་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་དུ་སྤྱིའུ་རི་ངལ་ནུས་ཀུང་སིར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་ལས་ཀ་བྱས་པ་ལེགས་གྲུབ་ཡག་པོ་བྱུང་སོང་། ཟླ་རྗེས་མར་ཡོང་འབབ་དེ་བས་མང་བ་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད།
ཉིན་དེའི་དགོང་མོའི་ཆུ་ཚོད་དྲུག་དང་སྐར་མ་སུམ་ཅུའི་ཐོག་མལ་གྲོ་གུང་དཀར་རྫོང་རྒྱ་མ་གྲོང་རྡལ་ཙི་ཙི་རོང་གྲོང་ཚོའི་སྤྱིའུ་རི་ངལ་ནུས་ཀུང་སིར་མི་ཚོགས་ཀྱིས་ཁེངས་ཡོད། ཀུང་སིའི་འགན་འཁུར་བས་ས་གནས་ས་ཐོག་ཏུ་ད་ཐེངས་ཟླ་10པའི་གླ་ཆ་གཅིག་སྡུད་ཐོག་སྤྲོད་རྒྱུ་ཡིན་པ་དང་ཁྱོན་བསྡོམས་སྒོར་ཁྲི་63ལྷག་ཙམ་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད། དངོས་དངོས་རྗེན་རྗེན་གྱི་ཡོང་འབབ་དེ་དག་གྲོང་ཚོ་ཡོངས་ཀྱི་ལས་མི་བརྒྱ་ཙམ་གྱི་ལག་ཏུ་སྤྲད་ཡོད།
མི་ཚོགས་ཁྲོད་ལོ་50ལྷག་ཙམ་ལ་སླེབས་པའི་ཀརྨ་རྡོ་རྗེས་ཕ་ཡུལ་གཅིག་པའི་ལས་མི་དང་མཉམ་དུ་དགའ་བདེའི་དཔལ་ལ་རོལ་བཞིན་ཡོད། ཀརྨ་རྡོ་རྗེས་དེ་སྔ་ལས་ཀ་འཚོལ་སྐབས་ས་ཆ་གཞན་དུ་འགྲོ་དགོས་པས་ལོ་ཧྲིལ་པོར་ནང་མི་དང་འཕྲད་པའི་གོ་སྐབས་མེད་པར་མ་ཟད། ད་དུང་སྦྱིན་བདག་བྲོས་བྱོལ་དུ་ཕྱིན་ནས་གླ་ཆ་མི་རག་པའི་སེམས་ཁྲལ་ཡོད། ད་ལྟ་སྒོ་འགྲམ་དུ་ལས་ཀར་འགྲོ་རྒྱུ་ཡོད་པར་མ་ཟད། ད་དུང་དུས་ཐོག་ཏུ་ཟླ་ཕོགས་ལེན་ཐུབ་པས་ཧ་ཅང་དགའ་པོ་འདུག་ཅེས་བཤད། 2024ལོའི་ཟླ་4པར་མལ་གྲོ་གུང་དཀར་རྫོང་རྒྱ་མ་གྲོང་རྡལ་ཙི་ཙི་རོང་གྲོང་ཚོའི་སྤྱིའུ་རི་ངལ་ནུས་ཀུང་སི་བཙུགས་རྗེས་ཚང་མར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཀརྨ་རྡོ་རྗེས་ང་ལ་ཟླ་རེར་གླ་ཆ་དམའ་ཤོས་སྒོར་6000ཡོད་པ་དང་ངའི་བུས་ཀྱང་ཧྭ་ཐའེ་ལུང་དུ་ལས་ཀ་བྱེད་ཀྱི་ཡོད། དེ་བཞིན་མནའ་མས་རྫོང་གྲོང་དུ་ལས་ཀ་བྱེད་ཀྱི་ཡོད་པས་ནང་མི་7གྱི་འཚོ་བ་ཡག་པོ་ཡོད་ཅེས་དང་། ཁོང་གིས་གྲོང་འདབས་སུ་བཞག་པའི་རླངས་འཁོར་གསར་པར་མཛུབ་མོ་བཙུགས་ནས་གད་མོ་དགོད་བཞིན་དུ་ཁྱེད་ཀྱིས་གཟིགས་དང་། ད་ཆ་གྲོང་ཚོའི་དུད་ཚང་ཚང་མས་རླངས་འཁོར་ཆུང་གྲས་ཉོས་ཡོད་པས་དེ་དག་ཚང་མ་ནི་སྒོ་འགྲམ་གྱི་ལས་ཀ་ཡག་པོར་བརྟེན་ནས་བྱུང་བ་ཤ་སྟག་ཡིན་ཞེས་བཤད།
མལ་གྲོ་གུང་དཀར་རྫོང་རྒྱ་མ་གྲོང་རྡལ་ཙི་ཙི་རོང་གྲོང་ཚོའི་སྤྱིའུ་རི་ངལ་ནུས་ཀུང་སི་བཙུགས་པ་དེས་གྲོང་མི་ཚོ་སྒོ་རྩར་ལས་ཞུགས་ཐུབ་པར་མ་ཟད། ཁྱིམ་ཚང་ལ་དེ་བས་ལྟ་རྟོག་ཐུབ་ཡོད། ཙི་ཙི་རོང་གྲོང་ཚོའི་ཚོགས་ཆུང་གཉིས་པའི་གྲོང་མི་སྐལ་བཟང་སྒྲོལ་དཀར་གྱིས་ད་ཆ་ཟླ་རེར་དམའ་ཤོས་ལའང་ཡོང་འབབ་སྒོར་6000ཡོད་པར་མ་ཟད། ད་དུང་ཁྱིམ་གྱི་ཕྲུ་གུ་དང་རྒན་རྒོན་ལའང་ལྟ་རྟོག་བྱེད་ཐུབ་པས་དངོས་གནས་ཡག་པོ་འདུག ཙི་ཙི་རོང་གྲོང་ཚོའི་ཚོགས་ཆུང་14པའི་གྲོང་མི་སྒྲོལ་དཀར་ལྷ་མོས་ཀྱང་མྱོང་ཚོར་གཅིག་མཚུངས་བརྗོད་པ་སྟེ།ཐག་རིང་དུ་འགྲོ་མི་དགོས་པར་ཡོང་འབབ་གསོག་ཐུབ་ལ་ཁྱིམ་ཚང་ལའང་ལྟ་རྟོག་ཐུབ་པས་ཕྱོགས་ཁག་ཚང་མ་སྟབས་བདེ་པོ་འདུག་ཅེས་བཤད།
ཡུལ་མི་ཚོས་བསྔགས་བརྗོད་ཡང་ཡང་བྱེད་པའི་སྤྱིའུ་རི་ངལ་ནུས་ཀུང་སི་ནི་གྲོང་ཚོའི་ཚན་ཁག་དང་གྲོང་སྡོད་ལས་དོན་རུ་ཁག་གིས་ལོ་ཕྱེད་ཀྱི་དུས་ཚོད་སྤྱད་དེ་བཙུགས་པ་ཞིག་རེད། 2023ལོའི་ཟླ་9པར་གྲོང་ཚོས་རྒྱ་མ་གྲོང་རྡལ་དུ་གཏེར་འདོན་ཁེ་ལས་མང་བ་དང་ཕྱོགས་མི་མང་བའི་ལེགས་ཆར་དམིགས་ནས་ངལ་ནུས་ཀུང་སི་འཛུགས་རྒྱུའི་འཆར་གཞི་བཏིང་བ་རེད། འགན་འཁུར་བ་འདེམས་པ་དང་ཁེ་ལས་ཀྱི་རྒྱབ་སྐྱོར་ངོ་འཕྲད་གྲོས་མོལ་བྱེད་པ་ནས་རོགས་སྐྱོར་མ་དངུལ་རེ་ཞུ་དང་གཞུང་ལས་ཁང་མཛེས་བཟོ་བྱེད་པའི་བར་གྲོང་ཚོའི་ལས་བྱེད་པ་ཚོས་ལས་ཀ་བྱས་མཐར་2024ལོའི་ཟླ་3པར་མལ་གྲོ་གུང་དཀར་རྫོང་རྒྱ་མ་གྲོང་རྡལ་ཙི་ཙི་རོང་གྲོང་ཚོའི་སྤྱིའུ་རི་ངལ་ནུས་ཀུང་སིའི་སྒོ་བྱང་དངོས་སུ་བཀལ་བ་རེད།
མལ་གྲོ་གུང་དཀར་རྫོང་རྒྱ་མ་གྲོང་རྡལ་ཙི་ཙི་རོང་གྲོང་ཚོའི་སྤྱིའུ་རི་ངལ་ནུས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཐུབ་བསྟན་བཀྲ་ཤིས་ཀྱིས་ན་ནིང་ང་ཚོས་མང་ཚོགས་98ལ་ལས་ཞུགས་ལས་གནས་མཁོ་འདོན་བྱས་ནས་གླ་ཆ་སྒོར་ཁྲི་233ལྷག་ཙམ་སྤྲད་པ་ཡིན། འདི་ལོ་ལས་གནས་160བར་མང་དུ་བཏང་བ་དང་ཟླ་དང་པོ་ནས་བཅུ་པའི་བར་གླ་ཆ་སྒོར་ཁྲི་500ཙམ་སྤྲད་པ་རེད་ཅེས་བཤད། ད་ཆ་གྲོང་ཚོས་གཉེར་བའི་ཁེ་ལས་དེ་ཙི་ཙི་རོང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྒོར་ཁྲི་སྟོང་ལས་བརྒལ་བའི་གཙོ་ཤུགས་དམག་ལྟ་བུར་གྱུར་པར་མ་ཟད། ཡུལ་མི་ཚོའི་འབབ་འཕར་ཕྱུག་འགྱུར་གྱི་བདེ་སྐྱིད་ས་ཚིགས་སུའང་གྱུར་ཡོད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社