分享按钮

བོད་ཀྱི་གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་གྱི་ཡིག་རིས་འགྲན་བསྡུར་ཆེན་མོ་སྐབས་དང་པོ་དང་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཡིག་རིས་འགྲེམས་སྟོན་སྐབས་དྲུག་པ་ལྷ་སར་གཉེར་བ།

(པར་ངོས་དང་པོར་མཐུད)དེང་རབས་རོལ་ཆ་དཀྲོལ་གཏོང་བྱས་ནས། ལྟད་མོ་བར་ཡིག་གཟུགས་དང་རི་མོའི་བརྩམས་ཆོས་མྱོང་རོལ་ཐུབ་པ་དང་ཆབས་ཅིག་བོད་ཀྱི་སྣ་མང་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཀྱང་ཚོར་ཐུབ་པར་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་དེ་2025ལོའི་ཟླ་8པར་སྤེལ་འགོ་ཚུགས་ཚུན། ལྗོངས་ཕྱི་ནང་གི་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་ཚོས་དང་ལེན་ཧུར་ཐག་བྱས་ཤིང་། ཟླ་10ཚེས་20ཉིན་བརྩམས་ཆོས་བསྡུ་མཚམས་བཞག་པ་དང་། ལྗོངས་ཕྱི་ནང་གི་ཡིག་རིས་བརྩམས་ཆོས་ཁྱོན་2000ཙམ་འབྱོར་བའི་ནང་། རང་རྒྱལ་གྱི་སྲོལ་རྒྱུན་རི་མོ་དང་། སྣུམ་ཚོན་རི་མོ། ཆུ་ཚོན་རི་མོ། ཡིག་གཟུགས་སོགས་རྣམ་པ་སྣ་ཚོགས་ཚུད་ཡོད། དེའི་ནང་ཞུགས་མཁན་གྱི་ལོ་ཚད་ནི་ལོ་4ནས་40བར་ཡིན་ཞིང་། བྱིས་པའི་ཚོགས་ཆུང་དང་། ལོ་ཆུང་ཚོགས་ཆུང་། གཞོན་ནུའི་ཚོགས་ཆུང་བཅས་གསུམ་ལ་དབྱེ་ཡོད། དཔྱད་ཞིབ་དྲང་གཞག་དང་དྲང་བདེན་ཡོང་ཆེད། བོད་ལྗོངས་གཞོན་ནུ་ལོ་ཆུང་གི་ལག་ལེན་སློབ་གསོའི་རྟེན་གཞིས་བོད་རང་སྐྱོང་ལྗོངས་མཛེས་རྩལ་དང་ཡིག་གཟུགས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་ལས་གྲུབ་པའི་དཔྱད་ཞིབ་ཚོགས་པ་བཙུགས་ཡོད། ཟླ་10ཚེས་21ཉིན་ནས་ཚེས་25ཉིན་བར། དཔྱད་ཞིབ་ཚོགས་ཆུང་གིས་བརྩམས་ཆོས་ཚང་མར་ཐོག་མའི་དཔྱད་འདེམས་བྱས་ཏེ། གཙོ་དོན་དང་འཚམ་ཚད་དང་། སྒྱུ་རྩལ་གྱི་མཚོན་ཚུལ། ཐོག་མའི་གསར་གཏོད་རང་བཞིན་སོགས་ནས་གདམ་གསེས་ནན་པོ་བྱས་ཤིང་། ཁྱོན་བརྩམས་ཆོས་300ཙམ་དཔྱད་འདེམས་བསྐྱར་མ་བྱ་རྒྱུར་བདམས་ཡོད།

ད་ཐེངས་ཀྱི་འགྲེམས་སྟོན་གྱི་དུས་ཡུན་ཉིན་7ཡིན་ཞིང་། ཟླ་11ཚེས་14ནས་ཚེས་21ཉིན་བར་བོད་རང་སྐྱོང་ལྗོངས་རྟེན་མཛོད་ཁང་དུ་སྤྱི་ཚོགས་དམངས་ཡོངས་ལ་རིན་མེད་ངང་སྒོ་ཕྱེ་རྒྱུ་ཡིན་པ་དང་། འགྲེམས་ཁང་ནང་བྱ་དགའ་ཐོབ་པ་དང་ཕུལ་བྱུང་གི་བརྩམས་ཆོས་300ལྷག་ཙམ་གོ་རིམ་ལྡན་པའི་ངང་བཤམས་སྟོན་བྱས་ནས་སྒྱུ་རྩལ་གྱི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད། འགྲེམས་སྟོན་ལ་ལྟ་སྐོར་བྱེད་མཁན་གྲོང་མི་ཟླ་བས། ན་གཞོན་གསར་རྩོམ་པ་དེ་དག་གི་བརྩམས་ཆོས་ལ་ལྟ་སྐབས། བོད་ཀྱི་ལོ་ངོ་60རིང་གི་འགྱུར་ལྡོག་ཆེན་པོ་ཚོར་ཐུབ་ལ། མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་ཟབ་མོ་ཡང་མཐོང་ཐུབ། འདི་ལྟ་བུའི་འགྲེམས་སྟོན་ལ་དོན་སྙིང་ཆེན་པོ་ལྡན་པས། ང་ཚོས་ཕ་ཡུལ་གྱི་འབྱུང་འགྱུར་ལ་རེ་བས་ཁེངས་ཡོད་ཅེས་བཤད།

བོད་ཡིག་ཡིག་གཟུགས་ཀྱི་བྱ་དགའ་རིམ་པ་དང་པོ་ཐོབ་མཁན་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཤར་ཆུ་གྲོང་རྡལ་སློབ་ཆུང་གཉིས་པའི་ཚེ་རིང་འབྲུག་ལྷ་ཡིས། ངའི་བོད་ཡིག་ཡིག་གཟུགས་བརྩམས་ཆོས་ལ་བྱ་དགའ་རིམ་པ་དང་པོ་ཐོབ་པར་ཧ་ཅང་དགའ་པོ་བྱུང་། ངས་ཀྱང་ཕུལ་བྱུང་གི་བརྩམས་ཆོས་གཞན་དག་མང་པོ་མཐོང་བྱུང་། ད་རེས་ཀྱི་འགྲན་བསྡུར་ནི་སྤེལ་རེས་དང་སློབ་སྦྱོང་གི་གོ་སྐབས་ཤིག་ཡིན་པས། ངས་མུ་མཐུད་དེ་ཡིག་གཟུགས་ལ་འབད་བརྩོན་བྱས་ནས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བཤད།

བོད་ཀྱི་གཞོན་ནུ་ལོ་ཆུང་གི་ལག་ལེན་སློབ་གསོའི་རྟེན་གཞིའི་ཀྲུའུ་རེན་གཞོན་པ་ཕུར་སྒྲོན་གྱིས། བོད་ཀྱི་གུང་གཞོན་སྡེ་ཚོགས་ཀྱི་གྲགས་རྟགས་བྱེད་སྒོ་ཞིག་ཡིན་པའི་ངོས་ནས། ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཡིག་རིས་འགྲེམས་སྟོན་ལོ་གཉིས་རེར་སྐབས་རེ་གཉེར་གྱི་ཡོད་པ་དང་། སྐབས་དྲུག་བདེ་བླག་ངང་གཉེར་ཡོད། རིམ་རྩིས་བྱས་ན་ལྗོངས་ཕྱི་ནང་གི་གཞོན་ནུ་ལོ་ཆུང་3000ལྷག་ཙམ་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ནས། ལྗོངས་ཡོངས་ཀྱི་དབང་གྲགས་ལྡན་པའི་གཞོན་ནུ་ལོ་ཆུང་གི་ཡིག་རིས་འགྲན་བསྡུར་ཞིག་ཏུ་གྱུར་ཡོད། ད་ཐེངས་ཀྱི་ཡིག་རིས་འགྲེམས་སྟོན་སྐབས་དྲུག་པ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དེས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་ལོ་མཇུག་གི་ཕྱག་རྟགས་ཆེན་པོ་ཞིག་ཕུལ་བར་མ་ཟད། རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོས་དེ་བས་སྤྲོ་སེམས་འཁོལ་བའི་ངང་ཕ་ཡུལ་འཛུགས་སྐྲུན་ནང་ཞུགས་པ་དང་ལང་ཚོའི་པིར་རྩལ་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་བརྗིད་ཆགས་མཛེས་སྡུག་ལྡན་པའི་ལེའུ་བརྩམས་ཡོད་ཅེས་བཤད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-17 6 6 拉萨日报藏文 c211931.html 1 བོད་ཀྱི་གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་གྱི་ཡིག་རིས་འགྲན་བསྡུར་ཆེན་མོ་སྐབས་དང་པོ་དང་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཡིག་རིས་འགྲེམས་སྟོན་སྐབས་དྲུག་པ་ལྷ་སར་གཉེར་བ། /enpproperty-->