分享按钮

2025ལོའི་ཏུང་ཅིང་དབྱར་དུས་རྣ་ཤེས་ཉམས་པའི་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པ་བཙུགས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་12ཉིན་གློག་འཕྲིན་འབྱོར་གསལ། 2025ལོའི་ཏུན་ཅིང་དབྱར་དུས་རྣ་ཤེས་ཉམས་པའི་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པ་བཙུགས་པ་དང་རྡོག་ཐོན་སྐུལ་སློང་ཚོགས་ཆེན་ཚེས་12ཉིན་པེ་ཅིང་དུ་འཚོགས་ཤིང་། འཐུས་མི་ཚོགས་པའི་ལུས་རྩལ་པ་101ད་ཐེངས་ཀྱི་འགྲན་བསྡུར་ནང་ཞུགས་རྒྱུ་རེད།

དབྱར་དུས་ཨོ་རྩལ་འགྲན་ཚོགས་སྐབས་25པ་དེ་ཟླ་འདིའི་ཚེས་15ནས་26ཉིན་བར་རི་པིན་ཏུན་ཅིང་དུ་གཉེར་རྒྱུ་དང་། རྒྱལ་ཁབ་དང་ས་ཁུལ་70ལྷག་ཙམ་གྱི་ལུས་རྩལ་པ་3000ལྷག་ཙམ་རྣམ་གྲངས་21གི་འགྲན་བསྡུར་ནང་ཞུགས་རྒྱུ་རེད། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པ་ནི་མི་157ལས་གྲུབ་པ་དང་། དེའི་ནང་སྐྱེས་པའི་ལུས་རྩལ་པ་49དང་བུད་མེད་ཀྱི་ལུས་རྩལ་པ་52ཡོད། དེ་དག་ཆ་སྙོམས་ལོ་28ཡིན་པ་དང་། པེ་ཅིང་དང་། ཧྥུའུ་ཅན། ཀན་སུའུ། ཀོང་ཏུང་། ཀུའེ་ཀྲོའུ་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)25ནས་ཡིན་པ་དང་། དེའི་ནང་རྒྱ་རིགས་དང་། ཐུའུ་ཅ་རིགས། ཡུ་གུར་རིགས་སོགས་མི་རིགས་5ཡོད། སྐབས་འདིའི་འགྲན་བསྡུར་ནི་ཀྲུང་གོའི་ཚོགས་པ་སྒྲིག་འཛུགས་བྱས་ནས་དབྱར་དུས་ཀྱི་རྣ་ཤེས་ཉམས་པའི་ཨོ་རྩལ་འགྲན་ཚོགས་ནང་ཞུགས་ཐེངས་བརྒྱད་པ་ཡིན་པ་དང་། མཆོང་རྒྱུག་འཕེན་གསུམ་དང་། བྱ་སྒྲོའི་སྤོ་ལོ། པའོ་ལིན་སྤོ་ལོ། གཞུང་ལམ་རྐང་འཁོར། ཁ་ཕྱོགས་གཏན་འཁེལ་གྱི་བྱེས་བགྲོད། ཆུ་རྐྱལ། ཕིང་ཕང་སྤོ་ལོ། ཐའེ་ཆོན་དྲག་རྩལ། ཝང་ཆིའུ་སྤོ་ལོ་བཅས་རྣམ་གྲངས་དགུའི་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་ཞིང་། དེའི་ནང་ནས་པའོ་ལིན་སྤོ་ལོ་དང་ཁ་ཕྱོགས་གཏན་འཁེལ་གྱི་བྱེས་བགྲོད་རྣམ་གྲངས་ནི་རང་རྒྱལ་གྱིས་རུ་མི་མངགས་ནས་འགྲན་བསྡུར་ནང་ཞུགས་ཐེངས་དང་པོ་ཡིན།

རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་དང་སྐབས་དགུ་པའི་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་དང་། ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁྲེང་ཁའེ་ཡིས་གསུང་བཤད་གནང་སྐབས། འཐུས་མི་ཚོགས་པའི་ཁོངས་མི་ཡོངས་ཀྱིས་ཨོ་ལིམ་ཕིག་གི་སྙིང་སྟོབས་དང་། ཀྲུང་ཧྭ་ལུས་རྩལ་གྱི་སྙིང་སྟོབས། དབང་པོ་སྐྱོན་ཅན་གྱི་ལུས་རྩལ་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་ནས། རྒྱ་ཆེའི་དབང་པོ་སྐྱོན་ཅན་ལུས་རྩལ་ལུས་སྦྱོང་བྱེད་སྒོའི་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཏེ། ལུས་རྩལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་འཛུགས་སྐྲུན་ཆེད་དུ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པ་དང་། སྤྲོ་སྣང་དང་ཡར་ཐོན་གྱི་བསམ་པའི་ཉམས་འགྱུར་དང་སྒོ་དབྱེའི་གདེང་ཚོད་ཀྱི་དུས་རབས་ཀྱི་ཉམས་འགྱུར་མངོན་པར་བྱས་ཏེ། ལུས་རྩལ་གྱི་གྲུབ་འབྲས་དང་བསམ་པའི་དཔལ་ཡོན་གཉིས་ཀར་གྲུབ་འབྲས་ཐོབ་རྒྱུར་བརྩོན་ལེན་ཧུར་ཐག་བྱེད་དགོས། དེ་བཞིན་རྒྱལ་ཁབ་ཁག་གི་ལུས་རྩལ་པ་དང་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། འདྲ་མཉམ་ངང་མཛའ་གྲོགས་གནས་ཐུབ་པ་དང་མཛའ་གྲོགས་ཟབ་ཏུ་གཏོང་དགོས་ཞེས་བཤད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-15 6 6 拉萨日报藏文 c211905.html 1 2025ལོའི་ཏུང་ཅིང་དབྱར་དུས་རྣ་ཤེས་ཉམས་པའི་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པ་བཙུགས་པ། /enpproperty-->