分享按钮

ལུའོ་ཧྲན་ཅིའི་ཨོ་རྩལ་འགྲན་ཚོཊ་ཀྱི་འགྲན་བསྡུར་རྣམ་གྲངས་ཁྱབ་བསྒྲགས་བྱས་པ་དང་གསེར་གྱི་རྟཊ་མ་ཐོག་མ་དེ་བུད་མེད་མི་སྒེར་གྱི་རྣམ་གྲངས་ཁག་གསུམ་ནས་ཐོན་རྒྱུ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལུའོ་ཧྲན་ཅི་ནས་ཟླ་11ཚེས་12ཉིན་གློག་འཕྲིན་འབྱོར་གསལ། 2028ལོའི་ལུའོ་ཧྲན་ཅིའི་ཨོ་རྩལ་འགྲན་ཚོགས་ཀྱི་ཞིབ་ཕྲའི་འགྲན་བསྡུར་ཚེས་12ཉིན་དངོས་སུ་ཁྱབ་བསྒྲགས་བྱས་ཤིང་། འགྲན་བསྡུར་གྱི་གསེར་གྱི་རྟགས་མ་ཐོག་མ་དེ་བུད་མེད་མི་སྒེར་གྱི་རྣམ་གྲངས་ཁག་གསུམ་ནས་ཐོན་རྒྱུ་རེད།

འདི་ནི་ལུའོ་ཧྲན་ཅིའི་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་པའི་པར་གཞི་གཉིས་པའི་འགྲན་བསྡུར་གྱི་བརྒྱུད་རིམ་ཡིན་པ་དང་།པར་གཞི་དེའི་རྣམ་གྲངས་ལ་གཞིགས་ནས་དབྱེ་བའི་འགྲན་བསྡུར་གྱི་ཉིན་རེའི་ལས་རིམ་ནང་བྱ་དགའི་རྟགས་མ་ཚང་མ་ག་དུས་ཐོན་མིན་གསལ་པོར་འཁོད་ཡོད་ཅིང་། ལུས་རྩལ་གྱི་རྣམ་གྲངས་དང་ལུས་རྩལ་ཐང་གི་ཆ་འཕྲིན་ཚང་མ་ཞིབ་ཕྲ་བཀོད་ཡོད།

ཡོངས་བསྒྲགས་ཚོགས་འདུའི་ཐོག སྒྲིག་འཛུགས་ཨུ་ལྷན་གྱིས་བུད་མེད་མི་སྒེར་གྱི་རྣམ་གྲངས་ཁག་གསུམ་གྱི་འགྲན་བསྡུར་དེ་ལུའོ་ཧྲན་ཅིའི་ཝུའེ་ཉི་སི་མཚོ་འགྲམ་འགྲན་ཁུལ་དུ་བྱ་རྒྱུ་དང་འབྲེལ་སྐབས་འདིའི་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོག་མ་དེ་ཐོན་རྒྱུ་ཡིན་པའི་ངོ་སྤྲོད་བྱས་ཡོད།

ཀྲུང་གོའི་རུ་ཁག་1984ལོར་དབྱར་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་རར་བསྐྱར་ཞུགས་བྱས་པ་ནས་བཟུང་། དབྱར་དུས་ཨོ་རྩལ་འགྲན་ཚོགས་སྐབས་11གི་གསེར་གྱི་རྟགས་མ་ཚང་མ་འཕེན་གཏོང་རྣམ་གྲངས་ནས་ཐོན་ཡོད།ཀྲུང་གོའི་ལུས་རྩལ་པ་ཞུས་ཧའེ་ཧྥུང་དང་། ཏུའུ་ལི། དབྱི་སི་ལིང་། དབྱང་ཆན། ཧོང་ཡུས་ཐིང་། ཧྲེང་ལི་ཧའོ་བཅས་ལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོག་མ་ཐོབ་མྱོང་ཡོད། ད་ཆ།སྲོལ་རྒྱུན་གྱི་ཟིན་ཐོ་གཏོར་ཟིན་ཡོད།

གཞན་ཡང་མཆོང་རྒྱུག་འཕེན་གསུམ་དང་ཆུ་རྐྱལ་རྣམ་གྲངས་ཀྱི་འགྲན་བསྡུར་བཀོད་སྒྲིག་ཀྱང་སྐབས་གོང་མ་དང་གཅིག་མཚུངས་མིན། མཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་སྔ་སྣུར་བྱས་པས་འགྲན་བསྡུར་གྱི་ཉིན་དང་པོར་གསེར་གྱི་རྟགས་མ་ཐོན་རྒྱུ་ཡིན་པ་དང་།ཆུ་རྐྱལ་གྱི་རྣམ་གྲངས་རྗེས་སུ་བཞག་ནས་འགྲན་བསྡུར་གྱི་ཉིན་བརྒྱད་པ་ནས་འགོ་བཙུགས་ཏེ་འགྲན་བསྡུར་བྱ་རྒྱུ་རེད།

སྒྲིག་འཛུགས་ཨུ་ལྷན་གྱིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས།འགྲན་བསྡུར་གྱི་བརྒྱུད་རིམ་དེ་ལུས་རྩལ་ཁང་གི་བེད་སྤྱོད་འཆར་གཞིར་གཞིགས་ནས་བཀོད་སྒྲིག་བྱ་རྒྱུ་དང་འབྲེལ་རྒྱལ་སྤྱིའི་ལུས་རྩལ་རྣམ་གྲངས་རྐྱང་པའི་མཉམ་འབྲེལ་ལྷན་ཚོགས་དང་གྲོས་མོལ་བྱས་རྗེས་གཏན་འཁེལ་བྱ་རྒྱུ་རེད་ཅེས་བཤད།

ལུའོ་ཧྲན་ཅིའི་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་དབུ་བཞུགས་ལག་བསྟར་དཔོན་ལུའེ་ནོ་ཏེ་ཧུའུ་ཧྥུའུ་ཡིས།ཨོ་རྩལ་འགྲན་ཚོགས་ཀྱི་སྤ་སེའི་ཐོ་འགོད་དེ་2026ལོའི་ཟླ་དང་པོ་ནས་འགོ་འཛུགས་རྒྱུ་ཡིན་པ་དང་།འཛམ་གླིང་ས་གནས་ཁག་ནས་ཡོང་བའི་ལུས་རྩལ་པ་དང་ལྟད་མོ་བས་བརྗེད་པར་དཀའ་བའི་ཨོ་རྩལ་འགྲན་ཚོགས་ཀྱི་ཉམས་ལེན་ཞིག་འཆར་འགོད་བྱེད་ཆོག་གི་ཡོད་ཅེས་བཤད།

ལུའོ་ཧྲན་ཅིའི་ཨོ་རྩལ་འགྲན་ཚོགས་དེ་2028ལོའི་ཟླ་7ཚེས་14ཉིན་ནས་ཚེས་30ཉིན་བར་འཚོག་རྒྱུ་དང་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་དེ་ཟླ་8ཚེས་15ཉིན་ནས་ཚེས་27ཉིན་བར་འཚོག་རྒྱུའི་གཏན་འཁེལ་བྱས་ཡོད། (ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-15 6 6 拉萨日报藏文 c211906.html 1 ལུའོ་ཧྲན་ཅིའི་ཨོ་རྩལ་འགྲན་ཚོཊ་ཀྱི་འགྲན་བསྡུར་རྣམ་གྲངས་ཁྱབ་བསྒྲགས་བྱས་པ་དང་གསེར་གྱི་རྟཊ་མ་ཐོག་མ་དེ་བུད་མེད་མི་སྒེར་གྱི་རྣམ་གྲངས་ཁག་གསུམ་ནས་ཐོན་རྒྱུ་ཡིན་པ། /enpproperty-->