分享按钮

གྲོང་ཁྱེར་གྱི་འགོ་ཁྲིད་ལྷུན་གྲུབ་རྫོང་དུ་བསྐྱོད་དེ་རྒན་རྒོན་དུས་ཆེན་གྱི་དགེ་སྒྲུབ་འཚམས་འདྲིའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཀྲུང་ཧྭ་མི་རིགས་ཀྱི་རྒན་བཀུར་རྒན་གཅེས་ཀྱི་སྲོལ་རྒྱུན་སྤྱོད་བཟང་པོ་དར་སྤེལ་གཏོང་ཆེད།ཟླ་10ཚེས་29ཉིན་གྱི་ཕྱི་དྲོ།བོད་རང་སྐྱོང་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་དང་བོད་ལྗོངས་ཁའེ་པོ་གློག་རྡུལ་ཚོང་དོན་ཚད་ཡོད་ཀུང་སིས་གཙོ་གཉེར་བྱས་པ་དང་།གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་སྒྲུབ་འགན་འཁུར་བའི་རྒན་རྒོན་དུས་ཆེན་ལ་རྒན་བཀུར་གཅེས་སེམས་འབུལ།དྲོ་སྐྱིད་ལྡན་པའི་འཚམས་འདྲི་ཞུས་ནས་བརྩེ་སེམས་ངོ་མ་སྦྱིན་ཞེས་པའི་དགེ་སྒྲུབ་འཚམས་འདྲིའི་བྱེད་སྒོ་ལྷུན་གྲུབ་རྫོང་མཁར་རྩེ་ཤང་མཁར་རྩེ་གྲོང་ཚོར་སྤེལ་བ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་།འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་།གྲོང་ཁྱེར་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་བཅས་ཡིན་པའི་སྐལ་བཟང་ཚེ་བརྟན་བྱེད་སྒོར་ཞུགས་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ་འཁྲུག་ཆ་དོད་ལ་དྲོ་སྐྱིད་ལྡན་ཞིང་།སྐལ་བཟང་ཚེ་བརྟན་གྱིས་ལྷ་ས་གྲོང་ཁྱེར་གྱི་ཚབ་ཞུས་ནས་བྱེད་སྒོ་གཙོ་གཉེར་ཕྱོགས་ཀྱིས་དགེ་སྒྲུབ་ཀྱི་ལས་དོན་སྤེལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་དང་བླ་ན་མེད་པའི་གུས་འདུད་ཞུས་པར་མ་ཟད།ཁོང་ཚོ་དང་མཉམ་དུ་སྲིང་བལ་གྱི་ཉལ་ཆས་དང་།འབྲས།གྲོ་ཞིབ།སྣུམ་སོགས་འཚོ་བའི་མཁོ་ཆས་མཁར་རྩེ་གྲོང་ཚོ་དང་བཅོམ་མདོ་གྲོང་ཚོའི་རྒན་རྒོན་ཚོར་རེ་རེ་བཞིན་སྤྲད་དེ་ཚང་མར་དུས་ཆེན་གྱི་སྨོན་འདུན་དང་ཏང་དང་སྲིད་གཞུང་གི་ཐུགས་ཁུར་མཚོན་པར་བྱས་པ་རེད།ཁོང་གིས་རྒན་རྒོན་དུས་ཆེན་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན་པ་དང་།ད་ཐེངས་ཀྱི་འཚམས་འདྲི་ནི་རྒན་རྒོན་ཚོགས་སྤྱིར་ཐུགས་ཁུར་གནང་བ་ཞིག་ཡིན་པར་མ་ཟད།སྤྱི་ཚོགས་ཡོངས་ཀྱིས་རྒན་བཀུར་རྒན་གཅེས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བའི་བྱེད་སྒོ་ཞིག་ཀྱང་ཡིན་པས།དགེ་སྒྲུབ་སྟོབས་ཤུགས་བརྒྱུད་དེ་མང་ཚོགས་དེ་བས་མང་བས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་བ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་རྒྱུའི་རེ་བ་ཡོད།གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་སྔར་རྒྱུན་བཞིན་སྦྲེལ་ཟམ་དང་སྦྲེལ་ཐག་གི་ནུས་པ་འདོན་སྤེལ་བྱས་ཏེ་ཕྱོགས་ཁག་གི་ཐོན་ཁུངས་མཐུན་སྦྱོར་ཧུར་ཐག་བྱེད་པ་དང་།རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་དགེ་སྒྲུབ་བྱེད་སྒོ་དེ་བས་མང་བ་སྤེལ་ནས་རྒན་རྒོན་གྱི་སེམས་ཁྲལ་དང་དཀའ་ངལ་སེལ་བ་དང་སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུ་ཡིན།དུས་མཚུངས་སུ།རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མི་དགེ་སྒྲུབ་བྱ་གཞག་ནང་ཧུར་ཐག་ཞུགས་ནས་སྤྱི་ཚོགས་ཡོངས་ཀྱིས་རྒན་རྒོན་ཚོགས་སྤྱིར་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

བྱེད་སྒོ་མཇུག་འགྲིལ་རྗེས།སྐལ་བཟང་ཚེ་བརྟན་གྱིས་མཁར་རྩེ་གྲོང་ཚོ་དང་བཅོམ་མདོ་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ཚན་ཁག་དང་གྲོང་སྡོད་ལས་དོན་རུ་ཁག་ལ་གཟིགས་སྐོར་འཚམས་འདྲི་གནང་བ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-01 6 6 拉萨日报藏文 c211012.html 1 གྲོང་ཁྱེར་གྱི་འགོ་ཁྲིད་ལྷུན་གྲུབ་རྫོང་དུ་བསྐྱོད་དེ་རྒན་རྒོན་དུས་ཆེན་གྱི་དགེ་སྒྲུབ་འཚམས་འདྲིའི་བྱེད་སྒོ་སྤེལ་བ། /enpproperty-->