ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སྟོན་དུས་ཀྱི་མལ་གྲོ་གུང་དཀར་རྫོང་དུ་གསར་དུ་བཙུགས་པའི་ཤིང་སོན་དག་ས་མཐོའི་ཉི་འོད་འོག་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས། ཉེ་ཆར། གསར་འགོད་པར་མལ་གྲོ་གུང་དཀར་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོར་མལ་གྲོ་གུང་དཀར་རྫོང་གིས་མ་དངུལ་སྒོར་ཁྲི་2258.0164བཏང་ནས། གཞི་ཁྱོན་ཆེ་བའི་འོས་འགན་ཤིང་སོན་འཛུགས་པའི་བྱེད་སྒོ་ཐེངས་5སྤེལ་བ་དང་། རིམ་རྩིས་བྱས་ན་ཤིང་སོན་རྐང་ཁྲི་58.2387བཙུགས་པ་དང་སྔོ་འགྱུར་རྒྱ་ཁྱོན་མུའུ་7870ལེགས་གྲུབ་བྱུང་ནས། ས་མཐོའི་འབྱུང་ཁམས་འཛུགས་སྐྱོང་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
ད་ལོའི་དཔྱིད་ཀ་ཤར་ཚུན། མལ་གྲོ་གུང་དཀར་རྫོང་གིས་རྫོང་རིམ་པའི་འགོ་ཁྲིད་ཀྱི་འོས་འགན་ཤིང་འཛུགས་དང་རྫོང་ཐད་གཏོགས་སྡེ་ཚན་གྱི་ཤིང་འཛུགས་སོགས་གཞི་ཁྱོན་ཆེ་བའི་བྱེད་སྒོ་ཐེངས་5སྤེལ་ནས། རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་ཤིང་འཛུགས་ནགས་བཟོའི་ཚ་རླབས་ཤིག་འཕྱུར་བ་རེད། ལོ་སྔོན་མ་དང་བསྡུར་ན། ད་ལོའི་ཤིང་འཛུགས་བྱེད་སྒོའི་གཞི་ཁྱོན་དེ་བས་ཆེ་བར་མ་ཟད། ད་དུང་གསར་གཏོད་རང་བཞིན་གྱི་སྒོ་ནས་དུས་གཅིག་ཏུ་འཕྲོད་ཤུགས་ཆེ་བའི་རྩྭ་སོན་བཏབ་པས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཛེས་ལྗོངས་ཀྱི་འབྱུང་ཁམས་ཕན་འབྲས་དང་མྱོང་རོལ་རང་བཞིན་ཆེ་རུ་ནུས་ལྡན་ཕྱིན་ཡོད།
མལ་གྲོ་གུང་དཀར་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉི་མ་དབྱངས་ཅན་གྱིས། ང་ཚོས་བདམས་པའི་ཤིང་སོན་ཚང་མ་ས་གནས་དེ་གའི་གནམ་གཤིས་དང་འཚམ་པའི་གསོམ་དཀར་དང་ཡུན་ཧྲན་གསོམ་ཤིང་སོགས་ཤིང་སོན་རིགས་11ཡིན་པས། འཛུགས་ཐུབ་པ་དང་། གསོན་ཐུབ་པ། སྐྱེ་འཚར་ཡག་པོ་ཡོང་བ་བཅས་ཀྱི་ཐད་འགན་ལེན་བྱས་ཡོད། ཚན་རིག་དང་མཐུན་པའི་འཆར་འགོད་དང་ལུགས་མཐུན་གྱི་བཀོད་སྒྲིག་བྱས་པ་བརྒྱུད། སྔོ་ལྗང་གསར་པ་དེ་དག་རིམ་བཞིན་སྦྲེལ་མཐུད་དང་ཡུག་གཅིག་ཏུ་སྦྲེལ་ནས། འབྱུང་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་ཞིག་གཏོད་བཞིན་ཡོད་ཅེས་བཤད།
འོས་འགན་ཤིང་འཛུགས་དང་མཉམ་དུ་སྐུལ་འདེད་གཏོང་བའི་གྲས་སུ་ད་དུང་མ་དངུལ་སྒོར་དུང་ཕྱུར་6.3བཏང་བའི་མལ་གྲོ་གུང་དཀར་རྫོང་གི་ལྷོ་རི་བྱང་རིའི(ནགས་བཟོ)སྔོན་འཛུགས་རྗེས་གསབ་ལས་གཞིའི་རྣམ་གྲངས་ཡོད་ཅིང་། རྣམ་གྲངས་དེའི་ལས་གྲྭ་ཚང་མ་ལེགས་གྲུབ་ཟིན་ནས། ཤིང་སོན་རྐང་ཁྲི་161ལྷག་ཙམ་འདེབས་འཛུགས་བྱས་པ་དང་། རི་རྒྱ་བསྡམས་ནས་ནགས་གསོ་མུའུ་43818.6བྱས་ཡོད།
རྣམ་གྲངས་དེའི་འགན་འཁུར་བས། ང་ཚོས་སྤྱིར་བཏང་གི་སྔོ་ལྗང་ལ་བློ་ཡིད་མ་ཚིམ་པར། འབྱུང་ཁམས་མ་ལག་སྤྱི་ཡོངས་ལེགས་སུ་གཏོང་བཞིན་ཡོད། ཤིང་འཛུགས་ནགས་བཟོ་དང་། རི་རྒྱ་བསྡམས་ནས་ནགས་གསོ་བྱེད་པ། སོན་འདེབས་པ་སོགས་ཀྱི་ཕྱོགས་བསྡུས་བྱ་ཐབས་བརྒྱུད། རིམ་པ་མང་བ་དང་ཕྱོགས་ཡོངས་ཀྱི་འབྱུང་ཁམས་སླར་གསོའི་མ་ལག་ཅིག་ཆགས་ཡོད།
འབྱུང་ཁམས་འཛུགས་སྐྱོང་གི་གྲུབ་འབྲས་ཀྱིས་མི་དམངས་མང་ཚོཊ་ལ་ཕན་པ་ཐོབ་པར་བྱས་པ། བསྡོམས་རྩིས་བྱས་པར་གཞིགས་ན། མལ་གྲོ་གུང་དཀར་རྫོང་གི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལས་འགོ་ཚུཊ་ཚུན། རིམ་རྩིས་བྱས་ན་ཞིང་འབྲོག་པའི་ངལ་ནུས་མི་ཐེངས་10437སྤྱད་ཅིང་། ས་གནས་དེ་གའི་མང་ཚོགས་ལ་ངལ་ནུས་འབབ་འཕར་སྒོར་ཁྲི་217.69བྱུང་བ་དང་། འཕྲུལ་ཆས་བོགས་མར་བཏང་བའི་ཡོང་འབབ་སྒོར་ཁྲི་132.28བྱུང་ཡོད།
མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་གྲོང་ཚོའི་གྲོང་མི་ལྷག་པ་སྒྲོལ་མས་དགའ་ཚོར་ཆེན་པོས། ང་རང་ལྷོ་རི་བྱང་རིའི་ནགས་བཟོའི་རྣམ་གྲངས་ནང་ཞུགས་པ་ཡིན། ཉིན་ལྟར་ཡོང་འབབ་ཡོད་པར་མ་ཟད། ད་དུང་ཕ་ཡུལ་སྔོ་ལྗང་ཅན་དུ་འགྱུར་བའི་ཐད་ལེགས་སྐྱེས་འབུལ་ཐུབ་པས། སྤོབས་སེམས་ཆེན་པོ་སྐྱེ་བཞིན་འདུག་ཅེས་བཤད། འབྱུང་ཁམས་འཛུགས་སྐྱོང་རྣམ་གྲངས་དེ་ཁོར་ཡུག་ལེགས་སུ་གཏོང་བ་དང་ཆབས་ཅིག་ས་གནས་དེ་གའི་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།
མལ་གྲོ་གུང་དཀར་རྫོང་གི་ཤིང་འཛུགས་ནགས་བཟོའི་ལས་དོན་ནི་རྫོང་ཡོངས་ཀྱིས་བློ་བརྟན་འགྱུར་མེད་ངང་འབྱུང་ཁམས་སྔོན་ལ་འཇོག་པ་དང་སྔོ་ལྗང་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཡིན། རྒྱུན་ཆད་མེད་པར་འབད་བརྩོན་བྱས་པ་བརྒྱུད། རྫོང་ཡོངས་ཀྱི་ནགས་ཚལ་ཁྱབ་རྒྱ་ཆེ་རུ་ཕྱིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་མངོན་གསལ་དོད་པོས་ལེཊ་སུ་ཕྱིན་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།
ཤིང་འཛུགས་ནགས་བཟོ་བྱེད་པ་ནི་བྱས་རྗེས་དེང་འདིར་འཇོག་པ་དང་ཕན་འབྲས་སྐལ་བརྒྱར་ཐོན་པའི་བྱ་གཞག་ཅིག་ཡིན། ཉི་མ་དབྱངས་ཅན་གྱིས། རྗེས་མར་ང་ཚོས་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ལ་མུ་མཐུད་དེ་སྐུལ་འདེད་གཏོང་བ་དང་། ནགས་ཤིང་དོ་དམ་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། ནགས་བཟོའི་ཕན་འབྲས་ལ་འགན་ལེན་བྱེད་པ་བཅས་བྱས་ནས། མལ་གྲོ་གུང་དཀར་གྱི་ནམ་མཁའ་དེ་བས་སྔོ་བ་དང་། རི་བོ་དེ་བས་སྔོ་ལྗང་། ཆུ་བོ་དེ་བས་དྭངས་བ་བཅས་ཡོང་བར་བྱས་ཏེ། རྒྱལ་ཁབ་ཀྱི་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社