ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་30ཉིན། གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་སོ་གཉིས་པ་འཚོགས་ཤིང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཧོ་ཕུང་གི་བཀའ་མངགས་ལྟར། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་ཡུང་ལིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག ཐེངས་འདིའི་ཚོགས་འདུའི་གྲོས་རིམ་ལ་གྲོས་འཆམ་བྱུང་རྗེས།གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི《ལྷ་ས་གྲོང་ཁྱེར་གྱི་ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》བཟོ་བའི་གྲོས་གཞི་སྒྲུབ་ཚུལ་སྐོར་གྱི་སྙན་ཞུ་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་འཐུས་མིའི་གཙོ་གནད་བསམ་འཆར་དང་གྲོས་འགོ་གཉེར་ཚུལ་སྐོར་གྱི་སྙན་ཞུ། ལྷ་ས་གྲོང་ཁྱེར་གྱི་2025ལོའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ཇུས་གཞི་ཐེངས་གཉིས་པའི་སྙན་ཞུ། གྲོང་ཁྱེར་མི་དམངས་འཐུས་ཚོགས་ནོར་དཔལ་ཨུ་ལྷན་གྱི《ལྷ་ས་གྲོང་ཁྱེར་གྱི་2025ལོའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ཇུས་གཞི་ཐེངས་གཉིས་པའི་སྙན་ཞུའི》ཞིབ་བཤེར་བྱས་འབྲས་ཀྱི་སྙན་ཞུ།དེ་བཞིན་གྲོང་ཁྱེར་སྲིད་གཞུང་གི་གཞུང་ཁོངས་རྒྱུ་ནོར(དངུལ་རྩའི་རིགས)དོ་དམ་བྱས་ཚུལ་སྐོར་གྱི་སྙན་ཞུ་སོགས་ལ་གསན་པ་དང་འབྲེལ་གྲོས་ཞིབ་གནང་ཡོད། ཚོགས་འདུའི་ཐོག《ལྷ་ས་གྲོང་ཁྱེར་གྱི་2025ལོའི་ནོར་སྲིད་སྔོན་རྩིས་ཐེངས་གཉིས་པའི་ལེགས་སྒྲིག་ཇུས་གཞིར་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།
ཚོགས་འདུའི་ཐོག གྲོང་ཁྱེར་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཁོངས་གཏོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་འཐབ་ཇུས་དགོངས་པར་གོ་བ་གཏིང་ཟབ་བླངས་ཏེ་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་།ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བར་བྱེད་དགོས་པ་དང་། ལོའི་དམིགས་ཚད་དང་ལས་འགན་ལ་རྩིས་བཤེར་ནན་ཏན་བྱས་ཏེ་རྣམ་གྲངས་རེ་རེ་བཞིན་གསེད་བཀྲོལ་དང་ཚང་བཤེར་ཆད་གསབ་བྱེད་དགོས་པ། ལོ་མཇུག་གི་ཚོགས་འདུ་གཉིས་གྲ་སྒྲིག་ཡག་པོ་བྱེད་པ་དང་།ཕྱི་ལོའི་ལས་དོན་ལ་སྤྱི་འདོམས་དང་འཆར་འགོད་ཡག་པོ་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤུས་ཚད་མཐོ་བ་དང་ལས་ཕྱོད་ཆེ་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社