ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་25ཉིན། ལྷ་ས་རིག་རྩལ་ལུས་རྩལ་ལྟེ་གནས་ཀྱི་ལག་རྩེད་སྤོ་ལོའི་ཁང་དུ་མི་ཚོགས་ཀྱིས་ཁེངས་ཤིང་།2025ལོའི་དྲག་རྩལ་གྱི་དགའ་འཛོམས་དུས་ཆེན་འགོ་ཚུཊ་ཡོད། ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་དང་། ལྷ་ས་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་མཛུབ་ཁྲིད་བྱས་པ་དང་། ལྷ་སའི་པོ་ཏ་ལ་ཡུལ་སྐོར་རིག་གནས་ཚོགས་པ་ཚད་ཡོད་ཀུང་སི་སོགས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི་ལག་འཛིང་གི་སྟོན་མོ་གཟབ་རྒྱས་དེས་འཛམ་གླིང་གི་རྩེ་མོ། ལྷ་སའི་བརྩོན་ལེན་ཞེས་པ་གཙོ་དོན་དུ་བྱས་ཏེ། གངས་ལྗོངས་ས་མཐོའི་བརྗིད་ཉམས་དང་དྲག་རྩལ་ལུས་རྩལ་གྱི་སྤྲོ་སེམས་མཉམ་འདྲེས་ཡག་པོ་བྱས་ནས་ཡུལ་དངོས་དང་དེ་བཞིན་དྲ་ཐོག་གི་ལྟད་མོ་བར་སྟོབས་ཤུགས་དང་རྩལ་ནུས་མངོན་པར་བྱས་ཡོད།
ཉིན་དེའི་སྔ་དྲོ།འགྲན་བསྡུར་ནང་ཞུགས་མཁན་ལུས་རྩལ་པ་ཚང་མས་བདེ་བླག་ངང་ལྗིད་ཚད་འཇལ་བའི་མཛད་སྒོ་འཚོགས་ཤིང་། རྣམ་པ་མི་འདྲ་བའི་འགྲན་བསྡུར་ཐེངས་10བྱས་པར་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད། ཕྱོགས་བསྡུས་ལག་འཛིང་དང་རང་མོས་ལག་འཛིང་གི་འགྲན་བསྡུར་ཁྲོད་སྐལ་ལྡན་དང་། ཚེ་དབང་བསྟན་འཛིན། བསྟན་འཛིན་ཆོས་གྲགས། དགེ་འཕེལ་བཀྲ་ཤིས་བཅས་ལུས་རྩལ་པ་བཞིས་དཔའ་ངར་ཆེན་པོས་ལག་འཛིང་བྱས་ཤིང་། ཁོང་ཚོས་བློ་བརྟན་འགྱུར་མེད་ཀྱི་དྲག་རྩལ་ལ་བརྟེན་ནས་ཀྲུང་གོའི་ལག་འཛིང་གི་གསར་སྐྱེས་སྟོབས་ཤུཊ་མངོན་པར་བྱས་ཏེ། འགྲན་བསྡུར་ལ་གསོན་ཤུགས་སྦྱིན་ཡོད།
འགྲན་བསྡུར་དངོས་ཀྱི་དུས་མཚམས་སུ་འགྲན་བསྡུར་ཁག་བརྒྱད་རིམ་པ་བཞིན་དུ་སྤེལ་ཞིང་། ཐུའུ་མན་དྲག་འཐབ་ཀྱི་ཧོང་ཆི་རུའེ་ཡིས་དེའི་གོང་གི་ཐེན་ཅིན་ས་ཚིགས་ཀྱི་གྲུབ་འབྲས་ཀྱི་རྒྱུན་བསྐྱངས་ནས་རང་ནུས་ཡོད་གང་ཡོད་བཏོན་ཏེ་ལི་ཧོ་དང་འགྲན་བསྡུར་འཁྲུག་ཆ་དོད་པོ་བྱས་པས་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད། ཆན་ཐེང་ཡོན་དང་ལིའུ་སུའོ་ཡི་རང་མོས་ལག་འཛིང་འགྲན་བསྡུར་ཁྲོད་གཉིས་ཀ་ཤིན་ཏུ་ངར་ཞིང་འགྲན་བསྡུར་ནང་རྩལ་ནུས་འདྲ་མིན་སྣ་ཚོགས་སྤྱད་པས་ལྟད་མོ་བ་ཚོའི་མིག་དབང་ཅིག་ཅར་ཉིད་དུ་འཕྲོག་ནས་ལག་འཛིང་ལུས་རྩལ་གྱི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་ཡོད།
ས་གནས་དེ་གའི་ལུས་རྩལ་པ་དཀོན་མཆོག་བསམ་གྲུབ་གར་སྟེགས་ཐོག་བསྐྱོད་པ་དེས་འགྲན་བསྡུར་གྱི་རྣམ་པ་སྔར་བས་འཁྲུག་ཏུ་ཕྱིན་པ་དང་། དཀོན་མཆོག་བསམ་གྲུབ་ཀྱིས་ཕ་ཡུལ་གྱི་ལྟད་མོ་བའི་འབོད་སྒྲའི་ཁྲོད་དུ་སུའུ་ཙེ་ཧེང་དང་འཐབ་རྩོད་མཐར་ཕྱིན་བྱས་ཡོད། དཀོན་མཆོག་བསམ་གྲུབ་ཀྱིས་རང་ཡུལ་དུ་འགྲན་བསྡུར་བྱེད་ཐེངས་དང་པོ་ཡིན་པས་སེམས་འགུལ་ཆེན་པོ་ཐེབས་བྱུང་། ལུས་རྩལ་པ་གཞན་དག་དང་སྤེལ་རེས་སློབ་སྦྱོང་བྱས་ཡོད། ད་ཐེངས་ཀྱི་འགྲན་བསྡུར་བརྒྱུད། རང་ཉིད་ཀྱི་མི་འདང་ས་ཁ་ཤས་ཤེས་རྟོགས་བྱུང་། ཕྱིར་ལོག་རྗེས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཕྱོགས་ཁག་གི་ལག་རྩལ་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་བཤད།
ལྷ་སའི་པོ་ཏ་ལ་ཡུལ་སྐོར་རིག་གནས་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་གཞོན་པ་སྐལ་བཟང་དབང་མོས་ད་ཐེངས་ཀྱི་བྱེད་སྒོ་ནི་རྒྱལ་ནང་གི་རིམ་པ་མཐོ་བའི་ལག་འཛིང་འགྲན་བསྡུར་གྱི་IPལྷ་སར་ཐོག་མར་སྤེལ་བ་ཞིག་རེད། བྱེད་སྒོ་དེས་ཡུལ་སྐོར་དང་། རིག་གནས། ལུས་རྩལ་བཅས་ཟུང་དུ་འབྲེལ་བའི་གསར་གཏོད་མཉམ་འདྲེས་བརྒྱུད། གངས་ལྗོངས་ཀྱི་གནའ་གྲོང་། གནས་མཆོག་ལྷ་སའི་ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ནུས་ལྡན་ངང་མངོན་པར་བྱས་ནས་འཛམ་གླིང་གི་ཡང་རྩེ་དང་ས་མཐོའི་འབད་འཐབ་ཀྱི་ཁྱད་ལྡན་IPབཏོད་དེ། ལྷ་ས་འདི་ཉིད་ལྟ་སྐོར་ཡུལ་སྐོར་བྱེད་པ་ནས་ཡུལ་སྐོར་མྱོང་རོལ་གཏིང་ཟབ་བྱེད་པའི་བར་འགྱུར་བར་བྱས་ཡོད། དེ་ནི་རིག་གནས་ཡུལ་སྐོར་དང་ལུས་རྩལ་ཟུང་དུ་འབྲེལ་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་པར་མ་ཟད། འགྲན་བསྡུར་ལ་བརྟེན་ནས་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་དུང་བརྡ་ཡང་བཏང་ཡོད། དེ་དང་ཆབས་ཅིག་ཏུ་འགྲན་བསྡུར་གྱིས་གོ་ལ་ཧྲིལ་པོའི་ཐད་གཏོང་དང་སྨྱན་སྦྱོར་མཉམ་འདྲེས་ཀྱི་བརྒྱུད་སྤེལ་ལ་བརྟེན་ནས་ལུས་རྩལ་པ་དང་ལྟད་མོ་བའི་ས་མཐོའི་ཁོར་ཡུག་འོག་གི་རྣམ་པ་བཟང་པོ་ཐད་ཀར་མངོན་པ་དང་། ལྗོངས་ཕྱིའི་ཡུལ་སྐོར་བས་ས་མཐོར་གསོ་རླུང་མི་འདང་བའི་སེམས་ཁྲལ་བསལ་ནས་ལྷ་སའི་ཡུལ་སྐོར་གྱི་ཡིད་དབང་འགུག་ཤུགས་དང་ཁྲོམ་རའི་ཡིད་ཆེས་ཆེ་རུ་བཏང་ཡོད་ཅེས་བཤད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社