分享按钮

ལོ་ལྔ་ཚན་བཅོ་ལྔ་པའི་རིང་རང་རྒྱལ་འཕེལ་རྒྱས་གཏོང་བར་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་རྩ་དོན་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་དགོས།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

ཁ་ཕྱོགས་ཡང་དག་པ་དང་། དམིགས་འབེན་ཁ་གསལ་བ། ཐབས་ལམ་ཁ་གསལ་བ་བཅས་ཡོད། ལོ་ལྔ་ཚན་བཅོ་ལྔ་པའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་དང་བཀོད་སྒྲིག་བྱེད་པའི་ཐད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་མཛུབ་ཁྲིད་བསམ་བློ་དང་དམིགས་ཚད་གཙོ་བོ་ཁ་གསལ་བཟོས་ཤིང་། ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་མཐའ་འཁྱོངས་དྲུག་གི་རྩ་དོན་གལ་ཆེན་བཏོན་ནས། ཀྲུང་གོའི་ལུགས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་ཆེད་བྱ་སྤྱོད་ཀྱི་མཛུབ་ཁྲིད་བྱས་ཡོད།

ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་ལོ་ལྔ་ཚན་བཅོ་ལྔ་པའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་བློ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གནས་སའི་ལོ་རྒྱུས་ཀྱི་ཕྱོགས་མཚམས་དང་འཕེལ་རྒྱས་ཀྱི་དུས་མཚམས་ལ་སྟངས་འཛིན། རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་ལ་འཕྲད་པའི་གཏིང་ཟབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་ལ་དབྱེ་ཞིབ་བཅས་བྱེད་པའི་རྨང་གཞིའི་ཐོག་བཏོན་པ་ཞིག་ཡིན་པས། ནང་དོན་ཕུན་སུམ་ཚོགས་ལ་མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན་ཡོད། ཚང་འཛོམས་གྲོས་ཚོགས་ཀྱིས་ལོ་ལྔ་ཚན་བཅོ་ལྔ་པའི་དུས་སྐབས་ཀྱི་གཞི་རྩའི་ངེས་གནས་དང་དུས་རིམ་རང་བཞིན་གྱི་བླང་བྱར་གཞིགས་ནས། ཞིབ་འཇུག་གཏིང་ཟབ་དང་ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ་བྱས་པའི་རྨང་གཞིའི་ཐོག ཕྱོགས་བདུན་གྱི་ཐད་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་དམིགས་འབེན་གཙོ་བོ་བཏོན་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་པར་སྐུལ་མ་བཏང་ཡོད།

མཛུབ་ཁྲིད་བསམ་བློ་ལག་ལེན་མཐར་ཕྱིན་བྱས་ནས་དམིགས་འབེན་གཙོ་བོ་མངོན་འགྱུར་བྱེད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་འགན་ལེན་བྱེད་པར་གནད་འགག་ནི་མཐའ་འཁྱོངས་དྲུག་གི་རྩ་དོན་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པ་དང་དོན་འཁྱོལ་གཏིང་ཟབ་བྱེད་དགོས་པ་སྟེ། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་སྤེལ་རྒྱུ་མཐའ་འཁྱོངས། ཕན་ནུས་ལྡན་པའི་ཚོང་ར་དང་ནུས་ལྡན་སྲིད་གཞུང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས། གཅིག་གྱུར་འཕེལ་རྒྱས་དང་བདེ་འཇགས་མཐའ་འཁྱོངས་བཅས་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་མཛུབ་ཁྲིད་བསམ་བློ་དང་མཐའ་འཁྱོངས་དྲུག་གི་རྩ་དོན་གལ་ཆེན་ནི། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དང་ལྷག་པར་དུ་དུས་རབས་གསར་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་ཚན་རིག་དང་མཐུན་པའི་ཕྱོགས་བསྡོམས་བྱས་པ་ཞིག་དང་། རང་རེའི་ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བའི་གྲུབ་འབྲས་གལ་ཆེན་ཞིག་བཅས་ཡིན། དེ་ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་གྱི་ལྟ་བ་དང་བརྟག་ཐབས་སྨྲ་བ་མངོན་ཡོད་ལ། ལོ་ལྔ་ཚན་བཅོ་ལྔ་པའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

འདིར་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་།ཕན་ནུས་ལྡན་པའི་ཁྲོམ་ར་དང་ནུས་ལྡན་སྲིད་གཞུང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་ཞེས་པར་གོ་བ་གཏིང་ཟབ་ལོན་ཆེད་གཙོ་གནད་ཐོག་འགྲེལ་བཤད་གཏིང་ཟབ་བྱ་རྒྱུ་ཡིན།

ལོ་ལྔ་ཚན་བཅུ་བཞི་པའི་རིང་ང་ཚོ་ཚང་མས་རང་རྒྱལ་གྱི་འཕེལ་རྒྱས་བརྒྱུད་རིམ་གྱི་སྤྱིར་བཏང་གཏན་ནས་མིན་པའི་བགྲོད་ལམ་བརྒྱུད་ཡོད་ལ་དཔང་པོའང་བྱས་ཡོད། དེ་བས་ཀྲུང་གོའི་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ཏང་ལ་ཐུག་པའི་ངོས་འཛིན་གཏིང་ཟབ་ཐུབ་ཡོད། དུས་རབས་ཀྱི་རིམས་ནད་ཀྱི་རྡབ་རྡེག་ཚབས་ཆེན་ཐེག་པ་ནས་ཕྱི་ཕྱོགས་ཀྱི་བཀག་འགོག་དང་གནོན་ཤུགས་ལ་ཁ་གཏད་ནུས་ལྡན་གཅོག་པའི་བར་དང་། དེ་ནས་ཐོན་འཕར་སྲིད་ཇུས་རབ་དང་རིམ་པ་བཀོད་སྒྲིག་བྱས་ནས་ཁྲོམ་རའི་གདེང་ཚོད་ཆེ་རུ་ནུས་ལྡན་གཏོང་བའི་བར་སོགས་དཀའ་གནད་ལས་སྒྲོལ་བ་དང་། ཉེན་ཁ་སེལ་བ། དུས་བབ་ལ་བསྟུན་པ། རྣམ་པ་གསར་པ་གཏོད་པ་བཅས་བྱས་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྣེ་ཁྲིད་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་མཛུབ་སྟོན་ལ་རག་ལུས་ཡོད།

གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཚེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གཞི་ནས་མདུན་ལམ་འོད་སྟོང་འཕྲོ་བ་དང་དར་རྒྱས་གོང་འཕེལ་ཡོང་ཐུབ། དེ་ནི་ལོ་རྒྱུས་དང་ལག་ལེན་ལས་བྱུང་བའི་བསྡོམས་ཚིག་ཅིག་ཡིན། ལོ་ལྔ་ཚན་བཅོ་ལྔ་པའི་རིང་རང་རྒྱལ་གྱི་འཕེལ་རྒྱས་འཐབ་ཇུས་ཀྱི་གོ་སྐབས་དང་། ཉེན་ཁ་དང་འགྲན་སློང་མཉམ་དུ་གནས་ཤིང་། ངེས་གཏན་མེད་པའི་རྒྱུ་རྐྱེན་མང་དུ་ཕྱིན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་ཇུས་འགོད། སྲིད་ཇུས་གཏན་འཁེལ། སྒྱུར་བཅོས་ལ་སྐུལ་འདེད་བཅས་བཏང་ནས་ཏང་གི་འགོ་ཁྲིད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཚེ། (པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-10-28 མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ། 6 6 拉萨日报藏文 c210860.html 1 ལོ་ལྔ་ཚན་བཅོ་ལྔ་པའི་རིང་རང་རྒྱལ་འཕེལ་རྒྱས་གཏོང་བར་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་རྩ་དོན་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་དགོས། /enpproperty-->