分享按钮

གསོ་རླུང་གིས་ཕྱུག་པའི་ལྗང་མདོག་གི་བར་ཁྱམས།

(པར་ངོས་དང་པོར་མཐུད)ས་བབ་མཐོ་ཚད་སྨི་3600ཟིན་པ་དང་། སྨུག་ཕྱིའི་འོད་ཟེར་ཆེ་བ། རླངས་པར་འགྱུར་ཚད་ཆེ་བ། ས་རྒྱུ་ཞན་པ་བཅས་ཡོད་པས། ཤིང་སྡོང་རྐང་གཅིག་འཛུགས་པར་ས་རྒྱུ་ལེགས་གཏོང་དང་། གནད་སྨིན་ཆུ་འདྲེན། རླུང་འགོག་གྲང་འགོག་བཅས་ཀྱི་འགག་སྒོ་གསུམ་བརྒྱུད་དགོས་ཀྱི་ཡོད། ཚོགས་པས་ཞིབ་འཇུག་ཁང་གི་ས་བབ་མཐོ་བའི་འབྱུང་ཁམས་སླར་གསོའི་ཉམས་མྱོང་ས་མཐོར་ཁྱབ་གདལ་བཏང་ནས་སྔོན་ལ་ས་རྒྱུ་ལེགས་བཅོས་དང་། འབྲི་གཡག་གི་ལྕི་བ་དང་འདམ་སོལ་བསྲེས་ནས་ཆུ་སྲུང་ནུས་པ་ཆེ་རུ་བཏང་བ། དེ་རྗེས་རིག་ནུས་ཆུ་འདྲེན་སྒྲིག་ཆས་བཙུགས་ནས་ས་རྒྱུའི་བརླན་ཚད་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱེད་པ། མཇུག་ཏུ་ལྗོན་ཤིང་ལ་གྲང་འགོག་ཁེབས་གཡོགས་ནས་གསོན་ཚད་བརྒྱ་ཆ་90ལས་བརྒལ་ཡོད།

ད་ཆ་བར་ཁྱམས་སུ་སྨི་ངོས་གྲུ་ཁྲི་7.4ཡོད་པའི་སྤང་ལྗོངས་དེ་ལྗང་མདོག་གི་ས་གདན་ཆེན་པོ་ཞིག་དང་འདྲ་བར་གྲམ་ཐང་དུ་ཁྱབ་ནས་ས་མཐོའི་འབྱུང་ཁམས་སླར་གསོའི་བསླབ་གཞི་རིམ་པའི་དཔེ་མཚོན་དུ་གྱུར་ཡོད།

འབྱུང་ཁམས་ལ་བརྟེན་ནས་རིག་གནས་ཀྱི་བླ་སྲོག་གཏོད་པ། རྣམ་གྲངས་དེའི་ཇུས་འགོད་ཅིང་ལི་ཏིང་དབྱང་དང་ཚོགས་པས་ཤུགས་རྐྱེན་ཆུང་ཤོས་དང་རིག་གནས་བསམ་གཞིགས་གཉིས་དཔེ་རིས་ནང་བཀོད་དེ། གདོད་མའི་གྲམ་ཐང་གི་སྔར་ཡོད་སྡོང་རིང་ལྗོན་ཤིང་སོར་འཇོག་དང་ཡུལ་བབ་དང་བསྟུན་ནས་བྱེད་སྒོ་སྤེལ་ཡུལ་བཀོད་སྒྲིག་བྱས་པ་དང་། སྒྲོམ་སྐྱོར་ཐོག་ཁྲུང་ཁྲུང་སྐེ་ནག་དང་གསའ་སོགས་བོད་དུ་དམིགས་བསལ་དུ་ཡོད་པའི་སྲོག་ཆགས་ཀྱི་རི་མོ་བརྐོས་པ། སྟེགས་བུའི་ཐོག་བོད་བཟོའི་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོས་བརྒྱན་ཡོད། ཆུ་སྒོ་སྒྱུར་བཀོད་བྱེད་སྐབས་ཆེད་མངགས་ཉ་ལམ་སྔོན་དུ་བཞག་ནས་ཉ་མོ་གང་འདོད་དུ་རྒྱུ་བའི་འགན་ལེན་བྱས་ཡོད། གྲངས་གཞི་ཅན་གྱི་དོ་དམ་ལས་སྟེགས་ཀྱིས་དུས་ཐོག་ཏུ་ཆུའི་སྤུས་ཚད་དང་། ཆུ་ཁ། གནམ་གཤིས་གྲངས་གཞི་བཅས་དོ་དམ་མི་སྣས་ལག་ཐོགས་ཁ་པར་བཀོད་སྤྱོད་བྱས་ཚེ་རྒྱང་རིང་ནས་བཀོད་གཏོང་ཐུབ་ནས་རིག་གནས་དང་འབྱུང་ཁམས་ཀྱི་གནས་ཚུལ་ལ་བརྟག་ཞིབ་བྱེད་ཐུབ་ཀྱི་ཡོད།

བཟོ་བོའི་བསམ་གཞི་འདི་དག་ལྷ་སའི་ཆུ་རྒྱུད་འཆར་འགོད་ལ་གོ་བ་གཏིང་ཟབ་བླངས་པ་ལས་བྱུང་བ་ཞིག་རེད། ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་གྱི་ཆུ་རྒྱུད་བཅོས་སྒྲིག་རིམ་སྤོར་འཆར་འགོད་གཞིར་བཟུང་། གྲོང་ཁྱེར་དེས་ལྟེ་བ་གཅིག་དང་། ཆུ་བོ་གཉིས། ཆུ་ཕྲན་གསུམ། ཆུ་རྒྱུད་བཞི་ལ་སོགས་པའི་ཆུ་རྒྱུད་གྲུབ་ཆ་སྐྲུན་བཞིན་ཡོད་པ་དང་། གླིང་ཕྲན་གཉིས་ཀྱི་ཆུ་བོ་ནི་ཆུ་བོ་སྦྲེལ་ཐག་ཏུ་བྱེད་པ་དང་། ལྡུམ་རར་མཛེས་རྒྱན་སྤྲོས་པའི་འགག་རྩའི་ལྷུ་ཚིགས་ཤིག་རེད། རྣམ་གྲངས་འཛུགས་སྐྲུན་བྱེད་རིང་ཆུ་སྒོ་2ཀྱི་ཉེན་སེལ་བརྟན་གཏོང་ལས་གྲྭས་ཆུ་ལོག་རྒྱུག་ཁུལ་གྱི་བདེ་འཇགས་འགན་ལེན་བྱས་པར་མ་ཟད། ཉ་ལམ་ཇུས་འགོད་བྱས་པ་བརྒྱུད་ཆུ་ལམ་གྱི་འབྱུང་ཁམས་ཀྱང་སྲུང་སྐྱོང་བྱས་ཡོད། གྲངས་འཛིན་ཅན་གྱི་འཛུགས་སྐྲུན་ལས་གྲྭས་དོ་དམ་པས་དུས་ཐོག་ཏུ་ཆུའི་སྤུས་ཚད་དང་ཆུ་ཁ་ལྟ་ཞིབ་ཚད་ལེན་བྱས་ནས་རིག་ལྡན་ཆུ་དོ་དམ་ཐུབ་པ་བྱ་རྒྱུ་རེད། ཆུ་བོ་དལ་བགྲོད་མ་ལག་གིས་ལོ་རྒྱུས་ཁྲོམ་གཞུང་དང་ཚོང་ལས་ཀྱི་མཚམས་ཚིགས་སྦྲེལ་མཐུད་བྱས་ནས་གྲོང་ཁྱེར་དང་ཆུ་བོ་གཅིག་ལ་གཅིག་བརྟེན་དང་སྔོ་ལྗང་མཉམ་འདྲེས་དེ་དཔེ་རིས་ནས་དོན་དངོས་སུ་འགྱུར་བར་བྱས་ཡོད།

བགྲེས་སོང་བཀྲ་ཤིས་ཀྱིས་དེ་སྔ་རྟག་ཏུ་ཆུ་ཡིས་ཕོ་བྲང་བསྐོར་ནས་ཡོད་ཅེས་ཤོད་ཀྱི་ཡོད། འོན་ཀྱང་ང་ཚོས་ཆུ་བོ་གང་དུ་རྒྱུག་མིན་མཐོང་མྱོང་མེད། ད་ལྟ་ཁྱམས་ལམ་བཟོས་པས་ཆུ་དང་རིག་གནས་ཀྱང་ཉེ་འགྲམ་ནས་མཐོང་རྒྱུ་ཡོད་ཅེས་དང་། ཁོང་གིས་གླིང་གཉིས་ཀྱི་ཆུ་རྒྱུད་གཙང་པོར་འགྱུར་ལྡོག་བྱུང་བ་ནི་ལྷ་ས་འདི་ཉིད་ཆུ་བོ་གྲོང་ཁྱེར་ནང་དུ་གནས་པ་ནས་ཆུ་བོ་དང་གྲོང་ཁྱེར་མཉམ་འདྲེས་བར་གྱི་བསྡུས་རིས་ཀྱིས་ཆུ་བོར་བཅངས་པའི་བར་མཐོངས་ཀྱི་སྟོང་ཆ་བསྐངས་པར་མ་ཟད། ཆུ་བོའི་མ་ལག་དེ་འབྱུང་ཁམས་དང་། རིག་གནས། དམངས་འཚོ་བཅས་སྦྲེལ་བའི་གསེར་གྱི་སྦྲེལ་ཐག་ལྟ་བུར་གྱུར་ཡོད་ཅེས་བཤད།

རྣམ་གྲངས་ཀྱི་དམིགས་ཚད་ཚང་མ་བདེ་བླག་ངང་ལེགས་གྲུབ་བྱུང་བའི་རྒྱབ་ཏུ་འཛུགས་སྐྲུན་པས་དཀའ་སྤྱད་འབད་བརྩོན་བྱས་པ་ཤ་སྟག་རེད། ཅང་ཧྲི་ཕིང་གི་ལག་ཐོགས་ཁ་པར་ནང་གི་ཉི་མས་ཚིག་པའི་མཉམ་པར་དེ་འཛུགས་སྐྲུན་པའི་བྱས་རྗེས་གཟེངས་རྟགས་སུ་གྱུར་ཡོད། ལོ་རབས་དགུ་བཅུའི་ནང་སྐྱེས་པའི་ཇུས་འགོད་པ་ཏིང་དབྱང་གིས་ལོ་ལྟར་ལས་ཡུལ་དུ་ཉིན་300ཡི་རིང་ཆུ་ནང་ལས་ཀ་བྱེད་དགོས་ཀྱི་ཡོད། གྲོང་མིའི་དགོས་མཁོ་གསལ་པོར་ཤེས་ཆེད། ཁོང་དང་ཁོང་གི་ལས་རོགས་ཀྱིས་གྲམ་ཐང་དུ་བསྡད་ནས་རྐུབ་སྟེགས་ཀྱི་ཁ་གྲངས་བརྩི་བ་དང་གོམ་གྲངས་ཐོ་འགོད་བྱས་མཐར་གྲམ་ཐང་དྲུག་དང་ངོགས་བཞིའི་འབྱུང་ཁམས་རྣམ་པ་ཇུས་གཞིའི་ནང་བཀོད་ནས་རྒན་རྒོན་ལ་ཉི་མ་སྲོ་སའི་ཐང་ཆེན་དང་ཕྲུ་གུ་རྒྱུག་ཤར་གློད་པའི་སྤང་ལྗོངས་དེ་དག་ད་ཆ་རེ་རེ་བཞིན་མངོན་འགྱུར་བྱུང་ཡོད།

ས་སྲོད་ཀྱི་མཚམས་སུ་གླིང་ཕྲན་གཉིས་ཀྱི་ཆུ་རྒྱུད་རིམ་བཞིན་འཁྲུག་པོར་གྱུར། བགྲེས་སོང་བཀྲ་ཤིས་དང་རོགས་པ་ཚོས་སྙན་ངག་བར་ཁྱམས་ཀྱི་འགྲམ་དུ་གདན་བཏིང་ནས་སྒྲ་སྙན་དཀྲོལ་བཞིན་ཡོད་ལ་བྱིས་པ་རྣམས་ཕྱེ་མ་ལེབ་ཀྱི་རྗེས་དེད་ནས་ལྗང་མདོག་གི་ས་ཁུལ་དུ་རྒྱུག་བཞིན་ཡོད།

(བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ནས་འབྱོར་བའི་གློག་འཕྲིན་གཞིར་བཟུང) (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-10-09 6 6 拉萨日报藏文 c210194.html 1 གསོ་རླུང་གིས་ཕྱུག་པའི་ལྗང་མདོག་གི་བར་ཁྱམས། /enpproperty-->