(པར་ངོས་དང་པོར་མཐུད)བོད་ཀྱི་གྲོང་གསེབ་དར་རྒྱས་དང་ལྗང་མདོག་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་བཤད།
ཀུན་སྤྱོད་གློག་ཤུགས་སྨན་བཅོས་ཀྲུང་གོ་ཁུལ་གྱི་སྤྱི་ཁྱབ་གཞོན་པ་ཞུས་ཅུན་གྱིས་ཀུན་སྤྱོད་གློག་ཤུགས་སྨན་བཅོས་ཀྱིས་དུས་ཡུན་རིང་པོའི་ནང་བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་སྨན་བཅོས་སྒྲིག་གཞི་དང་མཉམ་ལས་དམ་ཟབ་བྱས་ཏེ་འབྱུང་འགྱུར་དུ་བོད་ལྗོངས་ཀྱི་གཞི་རིམ་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུར་རམ་འདེགས་བྱ་རྒྱུ་རེད་ཅེས་ངོ་སྤྲོད་གནང་ཡོད།
བོད་ལྗོངས་ཀྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཁྲོམ་རའི་འཇུག་འཐུས་དང་མ་འཇོག་ཞིབ་མཆན་སོགས་ཐད་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་སྲིད་དོན་ཞབས་ཞུ་སྔར་བས་ལེགས་སུ་དང་སྲིད་འཛིན་ཕན་ནུས་ཆེ་རུ་བཏང་ཡོད།
པེ་ཅིན་བོད་སྐྱོར་བཀོད་འདོམས་པུའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་མིང་ཀྲེ་ཡིས་ལྷ་སར་ཁ་གཏད་རོགས་སྐྱོར་བྱེད་མཁན་གྱི་གྲོང་ཁྱེར་ཞིག་ཡིན་པའི་ངོས་ནས་པེ་ཅིན་གིས་ཚན་རྩལ་དང་ཤེས་ལྡན་མི་སྣ་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཚོང་འགུགས་མ་འདྲེན་ཧུར་ཐག་བྱས་པ་དང་། ཝང་ཕུའུ་ཅིང་བརྒྱ་ཟོག་དང་ཐུང་རེན་ཐང་སྨན་རྫས་ཁང་སོགས་ཁེ་ལས་ཀྱི་ཚོང་ཁང་དང་མཐུན་སྦྱོར་བྱས་ནས་ལྷ་སར་བཅའ་སྡོད་བྱས་ཏེ་ལྷ་སར་ཚོང་ཁང་དང་པོའི་དཔལ་འབྱོར་འཕེལ་རྒྱས་གཏོང་རོགས་བྱས་ཡོད་ཅེས་བཤད།
ཨན་ཧུའེ་ཞིང་ཆེན་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཀྲེང་ཏུང་ཐའོ་ཡིས་ཨན་ཧུའེ་ཞིང་ཆེན་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱིས་བོད་ལྗོངས་དང་མཉམ་དུ་དཔལ་འབྱོར་ཚོང་དོན་གསོ་སྦྱོང་འཛིན་གྲྭ་དང་། སྲིད་གཞུང་དང་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ། ཨན་ཧུའེ་ཁེ་ལས་ཀྱི་བོད་ལྗོངས་སུ་སྐྱོད་པ་སོགས་མཉམ་འབྲེལ་དཔལ་འབྱོར་ཚོང་དོན་གྱི་བྱེད་སྒོ་སྤེལ་ནས་ཞིང་ཆེན་སྒྲོལ་བའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་འཚོལ་ཞིབ་བྱ་རྒྱུ་ཡིན་ཞེས་བཤད།
བོད་ལྗོངས་སུ་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཡོད། བོད་ལྗོངས་ཀྱི་རིག་གནས་དང་། ཚོང་དོན། ལུས་རྩལ། ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱིས་ལུས་རྩལ་ཁེ་ལས་ལ་གོ་སྐབས་གསར་པ་སྦྱིན་པ་དང་ཏི་ཁ་ནུང་སྤུས་ཚད་མཐོ་བའི་ལྗང་མདོག་ལུས་རྩལ་གྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་མཁན་དང་ཞབས་འདེགས་ཞུ་མཁན་དུ་འགྱུར་བར་འབད་བརྩོན་བྱེད་ཀྱི་ཡོད་ཅེས་ཏི་ཁ་ནུང་ཀྲུང་གོའི་སྤྱི་ཁྱབ་གཞོན་པ་དབྱང་མུའུ་ལིན་གྱིས་བཤད་པ་དང་། ཁོང་གིས་ཁེ་ལས་ཀྱིས་ལས་སྒོའི་བཀོད་པ་རྒྱ་ཆེར་གཏོང་བ་དང་དྲ་ཐོག་ལས་སྒོའི་ལེགས་ཆ་འདོན་སྤེལ་བྱེད་པ་དང་འབྲེལ་ལྷ་སར་དངོས་ཚན་ལས་སྒོ་བཀོད་སྒྲིག་བྱེད་པའི་གོ་སྐབས་གསར་པ་འཚོལ་ཞིབ་བྱ་རྒྱུ་དང་། ལུས་རྩལ་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ་དང་ས་བབ་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ་རི་འཛེག་དང་རྐང་འཁོར་བཞོན་པ་སོགས་ལུས་རྩལ་སྒྲིག་ཆས་ཀྱི་ཐོན་རྫས་ལམ་ཐིག་གཙོ་གནད་ཐོག་གཏོད་རྒྱུ་ཡིན་ཞེས་བཤད།
ཀྲུང་གོ་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱི་ཚོགས་གཙོ་རེན་ཧུང་པིན་གྱིས་བོད་ལྗོངས་ཀྱིས་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་སྒོ་དབྱེའི་རྣམ་པའི་ཐོག་ནས་འཛམ་གླིང་གི་མིག་དབང་འཕྲོག་བཞིན་ཡོད་ཅིང་། སླད་ཕྱིན་ཀྲུང་གོ་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱིས་ཚོང་དོན་སྐུལ་སྤེལ་ཁོངས་གཏོགས་ཀྱི་ལེགས་ཆའི་ཁྱད་ཆོས་དེ་བོད་ལྗོངས་ཀྱི་ས་བབ་ཀྱི་ཁྱད་ཆོས་དང་། ཐོན་ཁུངས་ཀྱི་ལེགས་ཆ། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་བཅས་དང་ཟུང་འབྲེལ་བྱས་ནས་བོད་ལྗོངས་ཀྱིས་ཁྱད་ལྡན་ཐོན་ལས་གཏོད་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཕྱོགས་ཁག་དང་ལག་གདང་སྦྲེལ་ནས་གངས་ལྗོངས་ས་མཐོའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་མཉམ་དུ་གཏོད་རྒྱུ་ཡིན་ཞེས་བཤད།
(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་9ཚེས་29ཉིན་འབྱོར་བའི་གློག་འཕྲིན་གཞིར་བཟུང)(པ་ཚེས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社