(པར་ངོས་དང་པོར་མཐུད)
ད་ཐེངས་ཀྱི་ཉེན་རྟོག་པ་དང་མི་དམངས་མཉམ་སྤྲོའི་བྱེད་སྒོ་ནི་ཉེན་རྟོག་པ་དང་ས་གནས་མཉམ་འདྲེས་ཟབ་ཏུ་གཏོང་བ་དང་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད། བྱེད་སྒོས“རིག་གནས་ལ་བརྟེན་ནས་གར་སྟེགས་སྐྲུན་པ་དང་། དུས་བདེའི་ངང་ཟློས་གར་འཁྲབ་པ། བརྩེ་སེམས་མཉམ་འདྲེས”བཅས་འདུ་ཤེས་སུ་བྱས་ཏེ་གྲོང་མིར་རིག་གནས་ཀྱི་གསོལ་སྟོན་གཟབ་རྒྱས་བཤམས་པར་མ་ཟད། ད་དུང་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བས་ཉེན་རྟོག་པ་དང་མི་དམངས་དབར་གྱི་བར་ཐག་ཉེ་རུ་ཕྱིན་ཏེ་སྡེ་ཁུལ་བཅོས་སྐྱོང་གི་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་ཕྱིན་ཡོད།
ཉེ་ཆར་རིག་རྩལ་རྣམ་པ་སྣ་ཚོགས་ཀྱི་དང་བླངས་ཞབས་ཞུ་དང་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་ལམ་པ་གྲོང་ཚོར་སྤེལ་བ་རེད། བྱེད་སྒོ་དེ་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུའུ་སོགས་ཚན་པས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་།རིག་རྩལ་ལས་རིགས་ཀྱི་འཐུས་མི་དང་ས་གནས་དེ་གའི་མང་ཚོགས་200ཙམ་ཞུགས་ཡོད་པ་རེད། བྱེད་སྒོའི་ནང་སྣ་མང་ཞབས་ཞུ་ལྟེ་བར་བྱས་ཏེ་ཁྱད་ལྡན་ལྷུ་ཚིགས་ཆེན་པོ་དྲུག་བཀོད་སྒྲིག་ཞིབ་ཚགས་བྱས་ཡོད་པ་དང་།དེའི་ནང་ནས“རིག་རྩལ་མང་ཚོགས་ཀྱི་སྒོ་རྩར་འཁྲབ་སྟོན་བྱེད་པ”ཞེས་པའི་དམངས་ཕན་འཁྲབ་སྟོན་ནང་སྒྲ་སྙན་དཀྲོལ་གཏོང་དང་ལྷ་མོ་སོགས་སྒྱུ་རྩལ་གྱི་རྣམ་པ་སྣ་ཚོགས་གཅིག་སྡུད་བྱས་ནས་གྲོང་མིར་གཟིགས་མོའི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད། སྨོན་ཚིག་འབྲི་བ་ཞེས་པའི་ཁོངས་སུ་ཡིག་གཟུགས་མཁས་ཅན་མང་པོ་ཞིག་གིས་ཡུལ་དངོས་སུ་ཡིག་གཟུགས་ལེགས་པའི་སྨོན་ཚིག་བྲིས་ནས་མང་ཚོགས་ལ་སྨོན་འདུན་ཞུས་པ་རེད།
ད་ཐེངས་ཀྱི་བྱེད་སྒོས་གཞི་རིམ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་མ་ཟད། རིག་རྩལ་འབྲེལ་ཐག་ཏུ་བྱས་ཏེ་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་གཏོགས་སེམས་སྔར་བས་ཆེ་རུ་བཏང་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་ཆེད་སྟོབས་ཤུགས་བརྟན་པོ་གཅིག་ཏུ་བསྡུས་ཡོད།
དེ་དང་ཆབས་ཅིག་ཏུ་འདམ་ར་སྡེ་ཁུལ་ཏང་རྩ་འཛུགས་ཀྱིས“གྲོང་མི་ནི་ཕ་ཡུལ་གཅིག་པའི་མི་ལྟར་བརྩི་བ་དང།སྡེ་ཁུལ་ནི་ཕ་ཡུལ་ལྟར་བརྩི་བ”ཞེས་པ་གཙོ་དོན་དུ་བྱས་ཏེ་དུས་ཆེན་གཉིས་ཀྱི་དམིགས་བསལ་བྱེད་སྒོ་སྤེལ་བ་རེད། གྲོང་མི་ཕན་ཚུན་སྤེལ་རེས་ཀྱི་སྦྲེལ་ཟམ་ཞིག་བསྐྲུན་ཏེ།ཁོངས་གཏོགས་ཁུལ་གྱི་གྲོང་མི་རྣམས་དགའ་དགའ་སྤྲོ་སྤྲོའི་དགོད་སྒྲའི་ཁྲོད་བར་ཐག་ཉེ་རུ་ཕྱིན་ནས་ཐུན་མོང་ཐོག་སྡེ་ཁུལ་ཁྱིམ་ཚང་ཆེན་མོའི་དྲོ་སྐྱིད་ཚོར་བར་བྱས་ཡོད། བྱེད་སྒོ་སྤེལ་ཡུལ་དུ་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། འགོ་ཚུགས་ཞབས་བྲོ《བཀྲ་ཤིས་ཤོག》ཅེས་པ་སྔོན་ལ་འཁྲབ་སྟོན་བྱས་པ་དང་། དེ་རྗེས་ལ་གླུ་ཕན་ཚུན་བླངས་པ་སོགས་ཀྱི་སྤྲོ་སྣང་འཕེལ་བའི་ལྷུ་ཚིགས་གཅིག་རྗེས་གཉིས་མཐུད་ངང་སྤེལ་བ་རེད། ཞིང་ཆེན་མི་འདྲ་བ་ནས་ཡོང་བའི་མི་ཚང་མ་མཉམ་དུ་འཛོམས་ནས་ཕ་ཡུལ་གྱི་ཟླ་མཆོད་དུས་ཆེན་གྱི་གོམས་སྲོལ་མཉམ་སྤྱོད་དང་ལས་ཞུགས་སོགས་ཀྱི་ཆ་འཕྲིན་སྤེལ་རེས་བྱས་པས།དེ་སྔའི་ཆ་རྒྱུས་མེད་པའི་ངོ་གདོང་དེ་མཉམ་འགུལ་ཁྲོད་རིམ་བཞིན་རྒྱུས་མངའ་ཡོད་པ་དང་ཡུལ་དངོས་སུ་འཁྲུག་ཆ་དོད་པོར་གྱུར་ཡོད།
སྤྲོ་སྣང་ལྡན་པའི་མཉམ་འགུལ་ཕུད།བྱེད་སྒོར་ད་དུང“ཕན་ཚུན་དཔྱད་མོལ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན”ཞེས་པའི་ལྷུ་ཚིགས་བཀོད་སྒྲིག་བྱས་པ་དང་། “སེམས་གཏམ”བཀོད་ནས་བཞག་པ་དང“སྐད་དུང་བརྒྱུད་སྤྲོད”ཀྱི་བྱེད་ཐབས་བརྒྱུད་ཕྱོགས་མིས་གང་བསམ་ལྷུག་གླེང་བྱས་ཏེ།སྡེ་ཁུལ་གྱི་ཞབས་ཞུ་དང་ཁོར་ཡུག་བཅོས་སྐྱོང་སོགས་ཐད་ཀྱི་བསམ་འཆར་དང་གྲོས་འགོ་བཏོན་ཡོད། (ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社