分享按钮

སྟོད་མའི་ལུག་ཤ་ལྷ་སར་བྲིན་ཁ་རྒྱུག་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་འཆར་ལ་ཉེ་བའི་སྐབས་སུ། གདང་ལའི་རི་རྒྱུད་ཀྱི་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཐོན་རྫས་ཏེ། སྟོད་མའི་ལུག་ཤ་ལྷ་སར་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད། ས་མཐོའི་ཁྱད་ཆོས་ལྡན་པའི་ཟས་མཆོག་དེས་དུས་ཆེན་གྱི་རྣམ་པ་ཟབ་ཏུ་བཏང་བར་མ་ཟད། ཟས་མཆོག་དང་རིག་གནས་ཡུལ་སྐོར་ཟུང་དུ་འབྲེལ་བའི་མཉམ་འདྲེས་ཀྱི་རྣམ་པ་དེ་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གི་གྲོང་གསེབ་དར་རྒྱས་ཀྱི་གཞི་རྟེན་གལ་ཆེན་དུ་གྱུར་ནས་གྲོང་མི་དང་ཡུལ་སྐོར་བར་མྱོང་ཚོར་གསར་པ་སྦྱིན་ཡོད།

སྟོད་མའི་གཡང་དཀར་ལུག་ནི་གདང་ལའི་རི་རྒྱུད་ཀྱི་ས་བབ་མཐོ་ཚད་སྨི་5200ཟིན་པའི་རང་བྱུང་རྩྭ་རར་འཚོ་སྡོད་བྱེད་ཀྱི་ཡོད་པ་དང་། དེར་མིའི་རིགས་ཀྱི་ཚེ་སྲོག་གནས་དཀའ་བའི་ཁུལ་ཞེས་བརྗོད་ཀྱི་ཡོད་ཅིང་། ཐུན་མོང་མ་ཡིན་པའི་འབྱུང་ཁམས་ཁོར་ཡུག་གིས་གཡང་དཀར་ལུག་ལ་ཕུན་སུམ་ཚོགས་པའི་འཚོ་བཅུད་རིན་ཐང་བཏོད་ཡོད། སྟོད་མའི་གཡང་དཀར་ལུག་ནི་རང་བྱུང་གི་གཟན་རྩྭར་བརྟེན་ནས་འཚོ་བ་དང་། སྐྱེ་འཚར་གྱི་དུས་ཡུན་ལོ་7ནས་9བར་ཡིན་ཞིང་། 2018ལོར་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་ཀྱི་ཚོང་རྟགས་བདེ་བླག་ངང་ཐོ་འགོད་བྱས་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་ཀྱི་མིང་བྱང་ལྟ་བུར་གྱུར་ཡོད།

གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱ་ཆེད། ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་རྐང་གཉིས་ཤང་སྟོད་མའི་གཡང་དཀར་ལུག་ཆེད་ལས་མཉམ་ལས་ཁང་གིས་ནུས་ཤུགས་ཡོད་རྒུས་རྩྭ་ཐང་གི་སྤུས་ལེགས་ཐོན་རྫས་དང་གྲོང་ཁྱེར་གྱི་འཛད་སྤྱོད་ཁྲོམ་རའི་དབར་སྦྲེལ་ཟམ་བཙུགས་ཤིང་། ལྷ་སའི་ཁྲོམ་ར་དང་སྦྲེལ་མཐུད་བྱས་པ་བརྒྱུད། མཉམ་ལས་ཁང་གིས་འབྱུང་འཕྲོད་བདེ་ཐང་ལྟེ་བར་བྱས་ཏེ་མངགས་ཐོ་རྣམ་པའི་མཁོ་སྤྲོད་བྱེད་སྟངས་ཁྱབ་གདལ་དུ་བཏང་བ་དང་། དགོས་མཁོ་དངོས་ལ་གཞིགས་ནས་འབྲོག་རའི་ཉོ་སྒྲུབ་གནད་སྨིན་སྦྲེལ་མཐུད་བྱས་ཏེ་ཆུ་ཚོད་24ཡི་ནང་སྟོད་མའི་ལུག་བཤས་གཏོང་ཐུབ་པའི་འགན་ལེན་བྱས་པས། ལྷ་སའི་གྲོང་མི་དང་ཡུལ་སྐོར་བ་གྲོང་ཁྱེར་ནས་ཐོན་མི་དགོས་པར་གདང་ལའི་རི་རྒྱུད་ཀྱི་ལུག་ཤའི་བྲོ་བ་མྱོང་ཐུབ་པ་བྱུང་ཡོད།

ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་རྐང་གཉིས་ཤང་སྟོད་མའི་གཡང་དཀར་ལུག་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་ཕུན་ཚོགས་བཀྲ་ཤིས་ཀྱིས་ད་ཆ་སྟོད་མའི་ལུག་ཤ་ལྷ་སར་ཚོང་གཉེར་བྱེད་ཐུབ་པ་ནི་མཉམ་ལས་ཁང་གི་འབྲོག་པ་ཡོངས་ཀྱི་སྤོབས་པ་ཡིན་ལ། ཚང་མར་འབབ་འཕར་ཕྱུག་འགྱུར་གྱི་རེ་བ་གསར་པ་དེ་བས་མཐོང་ཐུབ་པ་བྱུང་ཡོད། གསོལ་ལྕོག་ཐོག་གི་སྟོད་མའི་ལུག་ཤ་ལས་གདང་ལའི་འདབས་རོལ་གྱི་གྲོང་མི་ཚོར་དངོས་དངོས་རྗེན་རྗེན་གྱི་ཡོང་འབབ་བྱུང་ཡོད་ཅེས་བཤད། ཐོན་ལས་འབྲེལ་མཐུད་བྱེད་སྟངས་དེས་འབྲོག་པའི་འབབ་འཕར་ཐབས་ལམ་རྒྱ་ཆེར་ཕྱིན་པར་མ་ཟད། ཚང་མས་ས་མཐོའི་རྩྭ་རའི་འབྱུང་ཁམས་ལ་སྲུང་སྐྱོང་བྱེད་པ་དང་དུས་མཚུངས་སུ་ཕུན་སུམ་ཚོགས་པའི་འཚོ་བའི་ཕྱོགས་སུ་གོམ་སྟབས་བརྟན་པོས་བསྐྱོད་ཡོད།

དུས་ཆེན་གཉིས་རིང་། སྟོད་མའི་ལུག་ཤ་ལྟེ་བར་བྱས་པའི་ཟས་མཆོག་དང་རིག་གནས་ཡུལ་སྐོར་ཟུང་དུ་འབྲེལ་བའི་མཉམ་སྡེབ་བྱེད་སྒོར་དོ་ཁུར་ཆེན་པོ་ཐོབ་ཡོད། སྒོར་1000ཟིན་པའི་སྟོད་མའི་ལུག་ཤ་ཉོ་མཁན་གྱི་འཛད་སྤྱོད་པས་ལྷ་སའི་འདྲེན་བྱེད་དང་ལྷོ་རིའི་སྤྱི་གླིང་སོགས་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བསུ་སྐྱེལ་ཞབས་ཞུ་རིན་མེད་ངང་ལོངས་སུ་སྤྱོད་ཆོག་གི་ཡོད།

དུས་ཆེན་གཉིས་འཆར་ལ་ཉེ་བའི་སྐབས་འདིར་སྟོད་མའི་ལུག་ཤ་དང་ས་མཐོའི་ཁྱད་ལྡན་ཐོན་ལས་ཀྱི་གསོན་ཤུགས་མྱོང་རོལ་བྱ་རྒྱུ་ནི་གདམ་ག་ཡག་ཤོག་ཅིག་མིན་ནམ། ཟས་མཆོག་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་ཉམས་ལེན་ཁྲོད་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལ་མྱོང་རོལ་བྱས་ཏེ། གྲོང་གསེབ་དར་རྒྱས་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ངོ་མཚར་མཉམ་འགུལ་གྱི་དཔང་པོ་བྱེད་ཆོག་གི་ཡོད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-09-29 6 6 拉萨日报藏文 c209379.html 1 སྟོད་མའི་ལུག་ཤ་ལྷ་སར་བྲིན་ཁ་རྒྱུག་པ། /enpproperty-->